Recitation for Gradual Path of Preliminaries—Tibetan
༄༅། །ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ སྔོན་འགྲོའི་ལམ་རིམ་ངག་འདོན་བཞུགས༔
དབྱིངས་རིག་ཀུན་ཏུ་བཟང་ལ་འདུད༔
ཡང་གསང་མཁའ་འགྲོ་ཐུགས་ཐིག་གི༔
སྔོན་འགྲོ་ཉམས་ལེན་རིམ་པ་ནི༔
ཐོག་མར་རྣམ་སྣང་ཆོས་བདུན་བཅས༔
རྣམ་གསུམ་དད་པའི་ཤུགས་ཕྱུང་ལ༔
ཨེ་མ་ཧོ༔
མདུན་མཁར་འཇའ་འོད་གུར་ཁྱིམ་དབུས༔
སེང་ཁྲི་པདྨ་ཉི་ཟླའི་སྟེང༔
གུ་རུ་མཚོ་སྐྱེས་རྡོ་རྗེ་མཐིང༔
ཡབ་ཡུམ་འོད་ཀྱི་སྐུ་རུ་གསལ༔
ན་མོ༔
མཆོག་གསུམ་རྩ་གསུམ་སྐུ་གསུམ་ཀུན་འདུས་དཔལ༔
རྡོ་རྗེ་འཆང་དབང་སྟོན་པ་དྲི་མ་མེད༔
དབྱེར་མེད་བླ་མ་མཚོ་སྐྱེས་སྤྲུལ་པའི་སྐུ༔
མཁྱེན་ནོ་བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ༔
བདག་གིས་དལ་འབྱོར་རྟེན་བཟང་རིན་ཆེན་ལུས༔
དཔེ་གྲངས་རྟགས་ཀྱི་སྒོ་ནས་རྙེད་དཀའ་བ༔
ཡིད་བཞིན་ནོར་འདྲ་ཐོབ་པའི་དུས་འདི་རུ༔
ལོག་པའི་ལམ་དུ་མ་གཏོང་བླ་མ་མཁྱེན༔
ཀྱེ་མ་ཀྱི་ཧུད་འདུས་བྱས་མི་རྟག་སྟེ༔
ཕྱི་སྣོད་དུས་ཀྱི་འགྱུར་ལྡོག་མེ་ཆུས་འཇིག༔
ནང་བཅུད་སྐྱེ་རྒ་ན་འཆི་མྱུར་དུ་སླེབ༔
སྐྱོ་ཤས་གཏིང་ནས་སྐྱེ་བར་བླ་མ་མཁྱེན༔
བདག་གིས་སྲོག་གཅོད་རྐུ་འཕྲོག་ལོག་པར་གཡེམ༔
རྫུན་ཕྲ་ཚིག་རྩུབ་ངག་འཁྱལ་བརྣབ་གནོད་བརྣག༔
ལོག་ལྟ་རྒྱུད་ངན་སྤང་ཞིང་དགེ་བཅུ་བསྒྲུབ༔
རྒྱུ་འབྲས་གོ་ལོག་མ་གཏོང་བླ་མ་མཁྱེན༔
དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་མ་ཡིན༔
ལྷ་མི་གཉིས་ཏེ་རིགས་དྲུག་འཁོར་བའི་གནས༔
གང་དུ་སྐྱེས་ཀྱང་སྡུག་བསྔལ་བཟོད་བླག་མེད༔
འཁོར་བ་དོང་ནས་སྤྲུག་པར་བླ་མ་མཁྱེན༔
མི་ལུས་ལན་གཅིག་ཐོབ་པ་སྐལ་བ་བཟང་༔
ཨ་ཏི་བླ་མེད་ཟབ་གསང་སྙིང་པོའི་ལམ༔
ཐུགས་ཀྱི་ཐིག་ལེར་འཕྲད་པ་ངོ་མཚར་ཆེ༔
ས་ལམ་མྱུར་དུ་བགྲོད་པར་བླ་མ་མཁྱེན༔
བསྐལ་མང་གོང་ནས་ཐུགས་རྗེའི་རྗེས་བཟུང་བས༔
བཀའ་དྲིན་སུམ་ལྡན་རྡོ་རྗེ་སློབ་དཔོན་མཆོག༔
མཉེས་པ་གསུམ་གྱི་ཞབས་ཏོག་མཐར་ཕྱིན་ནས༔
ཐུགས་རྒྱུད་དགོངས་པ་རྟོགས་པར་བླ་མ་མཁྱེན༔
འདི་དང་ཕྱི་མ་བར་དོའི་གནས་ཀུན་ཏུ༔
ཁྱེད་དང་མི་འབྲལ་རྣམ་བཞིའི་ཕྲིན་ལས་ཀྱི༔
ཕོ་ཉར་གྱུར་ནས་འཁོར་བ་མ་སྟོངས་པར༔
བྱང་ཆུབས་སེམས་བསྐྱེད་འགྲོ་དོན་མཐར་ཕྱིན་ཤོག༔
ཐུན་མོང་ཉམས་ལེན་རིམ་པའོ༔
དེ་ཡི་དངོས་གཞི་གནད་ཀྱི་གཟེར༔
རང་ཉིད་ཌཱ་ཀི་དཀར་མོ་གྲི་ཐོད་འཛིན༔
ལུས་དབུས་དབུ་རྐྱང་རོ་གསུམ་དཀར་དམར་མཐིང་༔
ཉོན་ཤེས་ལས་སྒྲིབ་ནད་གདོན་བག་ཆགས་རླུང་༔
དུག་རླངས་རྣམ་པ་དབང་ཆེན་ས་གཞིར་བསྟིམ༔
སྙིང་གར་ཀུན་བཟང་ཐུགས་དབུས་སྲོག་ཡིག་ཨཱ༔
བྱིན་རླབས་འོད་མཐིང་རོ་རྐྱང་ལམ་ནས་བརྒྱུད༔
ཨ་དཀར་ལ་ཐིམ་ལུས་ནང་འོད་ཀྱིས་གང་༔
འཇམ་རླུང་དང་སྦྲགས་སེམས་ཀྱི་རྩད་གདར་བཅད༔
ཐུན་མིན་ངག་འདོན་ཉམས་ལེན་ནི༔
ཐོག་མར་སྐྱབས་སུ་འགྲོ་བ་ལ༔
མདུན་མཁར་འཇའ་འོད་འཁྲིགས་པའི་ཀློང་༔
སྐྱབས་གནས་ཀུན་འདུས་རྡོ་རྗེ་འཆང་༔
ཡབ་ཡུམ་གཟི་བརྗིད་འོད་དུ་འབར༔
རང་ལས་སྤྲུལ་པའི་ཚོགས་བཅས་གསལ༔
བུདྡྷཱ་དྷཱརྨཱ་སཾ་གྷཱ་ཡ༔
གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔
དྷརྨཱ་སཾ་བྷོ་ནིརྨཱཀ༔
ཀུན་འདུས་དྲིན་ཆེན་བླ་མ་ལ༔
སྐྱབས་སུ་མཆིའོ་ཐུགས་རྗེས་ཟུང་༔
བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ༔
མ་རིག་ལས་ཉོན་སྡུག་བསྔལ་གྱིས༔
གཟིར་བའི་ཕ་མ་མཁའ་མཉམ་འགྲོ༔
བླ་མའི་གོ་འཕང་མྱུར་ཐོབ་ཕྱིར༔
སྨོན་འཇུག་དོན་དམ་སེམས་མཆོག་བསྐྱེད་༔
མངོན་དུ་མ་གྱུར་བར་དུ་འབད༔
མོས་གུས་དག་སྣང་བརྩེ་གདུང་དང་༔
སྙིང་རྗེ་གཏོང་ཕོད་རྩ་བ་ལྔ༔
བསླབ་པའི་གཞི་སྟེ་རྟག་ཏུ་འབད༔
ལམ་གྱི་ཆ་རྐྱེན་ཚོགས་བསགས་པ༔
མཎྜལ་འབུམ་བའི་རིམ་པ་ནི༔
ཨོྃ་ཨཱཿ་ཧཱུྃ༔
མི་མཇེད་སྟོང་གསུམ་འཇིག་རྟེན་ལྷ་མིའི་ནོར༔
བདག་ལུས་སྐྱེ་དགུའི་ལོངས་སྤྱོད་མཎྜལ་རྫས༔
ནང་ལྟར་ཕུང་ཁམས་རྩ་རླུང་ཐིག་ལེར་བཅས༔
ལྔ་ལྡན་ཞིང་བཀོད་འདོད་ཡོན་མཆོད་པའི་སྤྲིན༔
གསང་བ་ངོ་བོ་རང་བཞིན་ཐུགས་རྗེའི་རྩལ༔
ཆོས་དབྱིངས་རྣམ་དག་གཞོན་ནུ་བུམ་སྐུའི་ཞིང་༔
སངས་རྒྱས་ཀུན་འདུས་བླ་མ་དཀྱིལ་འཁོར་ལ༔
འབུལ་ལོ་འགྲོ་ཀུན་ཚོགས་གཉིས་ཡོངས་རྫོགས་ཤོག༔
འབྱོར་བ་དང་བསྟུན་ཚོགས་བསགས་དཔག་མེད་བྱ༔
སྒྲིབ་བྱང་གཏན་པ་མེད་པའི་མཆོད་སྦྱིན་ནི༔
སྤྱི་བོར་པད་དཀར་ཟླ་གདན་རྡོ་རྗེ་སེམས༔
དཀར་གསལ་ལོངས་སྐུའི་ཆས་རྫོགས་ཡུམ་དང་འཁྲིལ༔
སྦྱོར་མཚམས་བདུད་རྩིའི་རྒྱུན་བབ་སྤྱི་བོར་ཞུགས༔
སྒྲིབ་གཉིས་ཉེས་ལྟུང་འགལ་འཁྲུལ་ཉམས་ཆགས་ཀུན༔
ལྷག་མེད་བསྐྲུས་ཤིང་ས་གཞིའི་ཁམས་ཁྱབ་པས༔
རིགས་དྲུག་སེམས་ཅན་ལན་ཆགས་བགེགས་རིགས་ཚིམ༔
ཡི་གེ་བརྒྱ་པ་བཟླ་ཞིང་དམིགས་གནད་གཟབ༔
སྙིང་རྗེ་མཆི་མ་འཁྲུགས་བར་བསྒོམ༔
བླ་མ་དགྱེས་ཤིང་བརྩེ་བས་གནང་བ་སྦྱིན༔
འོད་ཞུའི་རང་ལུས་ནམ་མཁའི་འཇའ་ལྟར་ཡལ༔
རང་རིག་མ་བཅོས་དེ་བཞིན་ཉིད༔
སྙིང་རྗེའི་ངང་ལས་རང་རིག་ཧཱུྃ༔
ཁུ་རྡུལ་སྟེང་བབ་འཕྲོ་འདུས་སྦྱངས༔
རང་ཉིད་རྡོར་སེམས་མཐིང་གསལ་མདོག༔
རྡོ་རྗེ་དྲིལ་འཛིན་སྐྱིལ་ཀྲུང་བཞུགས༔
ལོངས་སྐུའི་ཆས་རྫོགས་འོད་ཟེར་འབར༔
ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་མཐར༔
སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས༔
རྒྱལ་མཆོད་འགྲོ་སྒྲིབ་ཀུན་སྦྱང་ཤིང་༔
རྣམ་དག་རྒྱལ་བའི་ཞིང་དུ་གྱུར༔
ཨོྃ་ཨཱཿབཛྲ་སཏྭ་ཧཱུྃ༔
བཟླས་པ་ཆུ་བོའི་རྒྱུན་བཞིན་བྱ༔
ཁྱེར་སོ་གསུམ་དང་མ་བྲལ་ཞིང་༔
འདུས་མ་བྱས་པའི་ངང་དུ་བཞག༔
བསྐྱེད་རིམ་ལྷ་ཡི་རྣལ་འབྱོར་རོ༔
རྫོགས་རིམ་རྩ་རླུང་ཐིག་ལེའི་ཁམས༔
སྦྱངས་ཤིང་འོད་ལུས་བསྒྲུབ་པའི་གཞི༔
འབྱུང་བཞིའི་མན་ངག་ཟབ་པའི་གནད༔
རྩོལ་བཅས་ལམ་གྱི་རིམ་པ་སྟེ༔
ཐུན་མཐར་སྣོད་བཅུད་རང་ལ་བསྡུས༔
ལྷར་སྣང་ཐུགས་སྲོག་ན་དཱའི་བར༔
དམིགས་མེད་བརྗོད་བྲལ་ངང་དུ་བཞག༔
རང་རིག་གཉུག་མའི་གཤིས་ལུགས་སྐྱོངས༔
ཐུན་མོང་མ་ཡིན་ལམ་རིམ་སྟེ༔
ཟབ་ལམ་འདི་ལ་ནན་ཏན་མཛོད༔ ས་མ་ཡ༔
ཐུན་མོང་མ་ཡིན་ལམ་གྱི་དངོས་གཞི་ནི༔
བྱིན་རླབས་བླ་མའི་རྣལ་འབྱོར་ཞེས་བྱ་བ༔
ཕྱི་ལྟར་སྒྲུབ་ཅིང་དགོངས་པ་རྟོགས་པའི་ཐབས༔
གཅིག་ཆོག་ནོར་བུའི་ལུགས་སུ་ཉམས་སུ་ལོངས༔
ཨེ་མ་ཧོ༔
བླ་མར་མོས་གུས་འགྲོ་ལ་སྙིང་རྗེའི་གདངས༔
མ་དག་འཁྲུལ་སྣང་རྨི་ལམ་སད་པ་བཞིན༔
སྣང་བས་གར་ཁྱབ་སྣོད་ཀྱི་འཇིག་རྟེན་ཀུན༔
འོག་མིན་པདྨ་འོད་ཀྱི་གཞལ་ཡས་ཁང་༔
འོད་སྣང་རྒྱན་བཀོད་ཕུན་སུམ་ཚོགས་པའི་དབུས༔
རང་ཉིད་བདེ་ཆེན་རྡོ་རྗེའི་རྣལ་འབྱོར་མ༔
དམར་གསལ་ཞལ་གཅིག་ཞི་འཛུམ་ཆགས་པའི་ཉམས༔
ཕྱག་གཉིས་གཡས་པས་གྲི་གུག་དཀུ་ལ་བརྟན༔
གཡོན་པས་བདུད་རྩིའི་ཐོད་པ་དབྱིངས་སུ་སྟོབ༔
ཞབས་གཉིས་དཔའ་མོ་རོལ་པའི་འདོར་སྟབས་ཅན༔
ལང་ཚོའི་གཟི་འབར་ནུ་འབུར་བྷ་ག་རྒྱས༔
རིན་ཆེན་རུས་པའི་རྒྱན་ཆ་སིལ་སིལ་སྒྲོག༔
དད་གུས་སྤྱན་གསུམ་བླ་མའི་སྐུ་ལ་བལྟ༔
པདྨ་ཉི་མ་རྟོག་མེད་རོ་གདན་འགྱིངས༔
མཁའ་དབྱིངས་བྱིན་རླབས་འཇའ་འོད་འཁྱིལ་པའི་ཀློང་༔
པདྨ་འབུམ་བརྡལ་ཉི་ཟླའི་གདན་གྱི་དབུས༔
སྐུ་གསུམ་རྒྱལ་བ་མ་ལུས་འདུས་པའི་དཔལ༔
བཀའ་དྲིན་སུམ་ལྡན་བླ་མ་རྡོ་རྗེ་འཆང་༔
རྗེ་བཙུན་གུ་རུ་བུདྡྷ་ཐོད་ཕྲེང་རྩལ༔
སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ༔
ཞལ་གཅིག་ཞི་འཛུམ་ཕྱག་གཡས་རལ་གྲི་ཕྱར༔
གཡོན་པས་བྷནྡྷ་བདུད་རྩིས་བཀང་བ་བསྣམས༔
དབུ་སྐྲ་ཐོར་ཚུགས་སྟག་ཤམ་རུས་རྒྱན་སྤྲས༔
ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་འོད་ཟེར་འཕྲོས༔
མཆན་ཁུང་གཡོན་ན་ཁ་ཊྭཱཾ་ཀ་ཡིས་མཛེས༔
སྤྱི་བོར་རིགས་བདག་དགའ་རབ་དཔའ་བོ་མཆོག༔
དེ་ཡི་སྤྱི་བོར་སྟོན་པ་རྡོ་རྗེ་སེམས༔
མཐའ་བསྐོར་བཀའ་བརྒྱུད་བླ་མ་ཡི་དམ་ལྷ༔
མཁའ་འགྲོ་ཆོས་སྐྱོང་ཚོགས་བཅས་སྤྲིན་ལྟར་གཏིབས༔
ཚོགས་ཞིང་གསལ་གདབ་སྤྱན་འདྲེན་ནི༔
ཧོ༔ ཆོས་ཀྱི་དབྱིངས་དང་ལྔ་ལྡན་ཞིང་༔
འགྲོ་འདུལ་སྤྲུལ་སྐུའི་ཞིང་ཁམས་ནས༔
སྐུ་གསུམ་ཞི་ཆགས་ཁྲོ་བོའི་ལྷ༔
བརྩེ་ཆེན་ཐུགས་རྗེས་གནས་འདིར་གཤེགས༔
ཀུན་འདུས་རྩ་བའི་བླ་མར་ཐིམ༔
བདག་ལ་དབང་བསྐུར་བྱིན་གྱི་རློབས༔
མཆོག་དང་ཐུན་མོང་དངོས་གྲུབ་རྩོལ༔
ཡན་ལག་བདུན་པ་འབུལ་བ་ནི༔
བདག་དང་འགྲོ་དྲུག་སེམས་ཅན་གྱིས༔
རྡུལ་སྙེད་ལུས་སྤྲུལ་གུས་ཕྱག་འཚལ༔
ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད༔
སྡིག་ལྟུང་དམ་ཚིག་ཉམས་ཆགས་བཤགས༔
བླ་མའི་མཛད་པར་རྗེས་ཡི་རངས༔
ཨ་ཏིའི་ཆོས་འཁོར་བསྐོར་བར་བསྐུལ༔
སེམས་ཅན་དོན་དུ་བཞུགས་གསོལ་འདེབས༔
དགེ་ཚོགས་སེམས་ཅན་དོན་དུ་བསྔོ༔
རྩེ་གཅིག་གསོལ་བ་འདེབས་པ་ནི༔
ཀྱཻ༔ རྗེ་བཙུན་གུ་རུ་རིན་པོ་ཆེ༔
བདག་ཅག་འཁོར་བའི་གནས་སུ་འཁྱམས༔
ལས་ཉོན་སྡུག་བསྔལ་དྲག་པོས་གཟིར༔
གཟུང་འཛིན་ཞགས་པས་དམ་དུ་བཅིངས༔
ཁྱེད་ལས་རེ་ས་གཞན་དུ་མེད༔
མོས་གུས་ལྟེམ་རྐྱང་མེད་པ་ཡིས༔
གསོལ་བ་སྙིང་གི་དཀྱིལ་ནས་འདེབས༔
ཁྱེད་ཐུགས་སྙིང་རྗེ་ཆེན་པོ་ཡིས༔
བརྩེ་ཆེན་ཐུགས་རྗེ་ཉེར་དགོངས་ལ༔
བྱིན་རླབས་ནུས་མཐུ་ཤུགས་དྲག་པོས༔
བདག་རྒྱུད་བྱིན་གྱིས་བརླབས་ནས་ཀྱང་༔
ཐུགས་རྒྱུད་དགོངས་པ་རྟོགས་པར་ཤོག༔
ཨོྃ་ཨཱཿམ་ཧཱ་གུ་རུ་རཏྣ་སིདྡྷི་ཧཱུྃ༔
དད་གུས་མཆི་མ་འཁྲུགས་པ་ཡིས༔
གསོལ་འདེབས་བསྙེན་པ་འདི་ལ་འབད༔
བྱིང་ཞིང་འཐིབས་པར་གྱུར་པའི་ཚེ༔
སྣང་སྲིད་བླ་མ་མཁའ་འགྲོས་གང་༔
ཆོས་ཉིད་ཉམས་ཀྱི་སྣང་བ་འུར༔
སྐུ་ཡི་གར་སྟབས་ཁྱུགས་སེ་ཁྱུགས༔
གསུང་གི་ཉམས་མགུར་འུ་རུ་རུ༔
བག་དྲོ་ཉམས་དགའི་ངང་དུ་བཞག༔
འདྲེ་གདོན་གདུག་རྩུབ་བྱུང་བའི་ཚེ༔
ཐོག་མར་རྙིང་རྗེ་དྲག་པོའི་ངང་༔
རང་ཉིད་མཁའ་འགྲོའི་ཐུགས་ཀ་ནས༔
འོད་ཟེར་སྣ་ལ་འདོད་ཡོན་སྤྲོས༔
སྦྱིན་པས་ཚིམ་ཞིང་གདུག་རྩུབ་ཞི༔
བླ་མའི་ཐུགས་ཀའི་འོད་ཟེར་གྱིས༔
ཁོ་ཡི་བག་ཆགས་སྒྲིབ་པ་སྦྱོང་༔
བླ་མ་མཁའ་འགྲོའི་སྐུར་གྱུར་ནས༔
བདག་ལ་དངོས་གྲུབ་སྦྱིན་པར་དམིགས༔
ནད་ཀྱིས་ཟུག་རྔུས་མནར་བའི་ཚེ༔
ལས་ཀྱི་ལྷག་མ་སྨིན་གྱུར་པར༔
དགའ་བ་བསྒོམས་ཤིང་གསོལ་བ་འདེབས༔
བླ་མའི་ཐུགས་ཀའི་འོད་ཟེར་གྱིས༔
འགྲོ་བའི་ནད་རྣམས་རང་ལ་བསྡུ༔
རིགས་བདག་སྐུ་ལས་ཡེ་ཤེས་མེས༔
རང་ལུས་ནད་གདོན་བག་ཆགས་བསྲེགས༔
དམིགས་མེད་སྟོང་པའི་ངང་དུ་བཞག༔
ཉོན་མོངས་འཕྲོ་རྒོད་དྲག་པོའི་ཚེ༔
བླ་མའི་ཐུགས་ཀར་ཤེས་པ་གཏད༔
དུག་ལྔ་རང་ཉིད་ངོ་བོ་བལྟ༔
ལུས་སེམས་ཁོང་ལྷོད་ཁ་ཡན་བཞག༔
གནད་ཀྱི་གདམས་པ་ཟབ་མོའོ༔
དེ་ནས་བརྒྱུད་བའི་གསོལ་འདེབས་ནི༔
ཨེ་མ་ཧོ༔
གཞོན་ནུ་བུམ་སྐུའི་ངོ་བོ་སྟོང་ཆེན་ཡུམ༔
རང་གདངས་འགགས་མེད་ཀུན་ཏུ་བཟང་པོ་ཤར༔
ཐུགས་རྗེའི་རང་རྩལ་སྟོན་པ་རྡོ་རྗེ་སེམས༔
ཤེས་རབ་ཡུམ་མཆོག་ཡེ་ཤེས་ཌཱ་ཀི་མར༔
གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔
བདེ་ཆེན་འགྱུར་མེད་བཛྲ་ཝཱ་ར་ཧི༔
བཀའ་ཡི་བསྡུ་བ་གསང་བདག་རྡོ་རྗེ་འཛིན༔
དཀྱིལ་འཁོར་གཙོ་བོ་ཁྲ་འཐུག་ཧེ་རུ་ཀ༔
གསང་བའི་ཡུམ་མཆོག་ལྷ་ལྕམ་བདེ་སྟེར་མར༔
གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔
ཞིང་ཁམས་དབང་བསྒྱུར་བདེ་བ་དབྱིངས་སྒྲོན་མ༔
བཀའ་ཡི་བསྡུ་བ་རིག་འཛིན་རྡོ་རྗེའི་ལྗགས༔
མཆོག་གི་བཀའ་བབ་རིག་པ་འཛིན་རྣམས་དང་༔
འབུམ་ཕྲག་ཡངས་པའི་ཡེ་ཤེས་མཁའ་འགྲོའི་ཚོགས༔
གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔
མཐའ་འཁོབ་གདོང་དམར་བོད་ཡུལ་སྲིན་པོའི་གླིང་༔
ཡང་གསང་ལུས་མེད་མཁའ་འགྲོའི་ཐུགས་ཐིག་ཆོས༔
བརྡ་བསྒྱུར་རིག་འཛིན་ཁྲག་འཐུང་ཧེ་རུ་ཀ༔
ཆོས་བདག་གྲོགས་མཛད་འདོད་ལྡན་ཀུན་སྐྱོང་མ༔
གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔
དབྱིངས་རིག་སྤྲུལ་བསྒྱུར་ཌཱ་ཀི་མཆེད་གཉིས་དང་༔
སྐལ་ལྡན་ལས་ཅན་བཀའ་བབ་རྡོ་རྗེའི་གྲོགས༔
བཀའ་ཡི་ལས་མཛད་བསྟན་སྲུང་དམ་ཅན་སྡེ༔
གཉེར་འཛིན་དྲེགས་པའི་སྡེ་དཔོན་ཚོགས་བཅས་ལ༔
གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔
རྩེ་གཅིག་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས༔
བདག་ཅག་དམ་ལྡན་རྡོ་རྗེའི་མིང་སྲིང་ཚོགས༔
བླ་མར་རྩེ་གཅིག་མོས་གུས་གདུང་ཚུགས་ཤིང་༔
མི་རྟག་འཁོར་བ་ཞེན་པ་རང་ལོག་ནས༔
ཆགས་སྡང་སྒྲོག་ལས་གྲོལ་བར་བྱིན་གྱིས་རློབས༔
གྲོང་དང་གྲོང་ཁྱེར་དུར་ཁྲོད་ཤིང་གཅིག་དྲུང་༔
ནགས་ཁྲོད་བས་མཐའ་མཚོ་གླིང་བྲག་སྐྱིབས་སོགས༔
ངེས་མེད་གནས་སུ་གཅིག་པུར་སྒྲུབ་ལ་བརྩོན༔
གཏད་མེད་སྨྱོན་པ་ལྟ་བུའི་བརྟུལ་ཞུགས་ཀྱིས༔
རྩ་རླུང་ཐིག་ལེ་ལས་སུ་རུང་བར་ཤོག༔
ཉིན་སྣང་སྐུ་དང་ཡེ་ཤེས་རང་ངོ་ཤེས༔
མཚན་སྣང་རྨི་ལམ་འོད་གསལ་སྦུབས་སུ་འཇག༔
བར་དོར་བླ་མའི་གདམས་ངག་གཟེར་གྱིས་ཐེབས༔
ཁྲེགས་ཆོད་ཐོད་རྒལ་འབྲས་བུའི་རྩལ་རྫོགས་ནས༔
སྦུབས་འཇུག་གདོད་མའི་དབྱིངས་སུ་གྲོལ་པར་ཤོག༔
བདག་ཅག་འབྲེལ་བས་བསྡུས་པའི་གང་ཟག་ཀུན༔
མ་རྟོགས་འཁྲུལ་པའི་འཛིན་ཞེན་རང་སར་གྲོལ༔
བཟང་ངན་དགའ་སྡུག་རེ་དོགས་བླང་དོར་ཞིག༔
ཉོན་མོངས་བག་ཆགས་དྲི་མ་རང་དག་ནས༔
ཡང་གསང་ཐུགས་ཐིག་གདུལ་བྱར་འགྱུར་བར་ཤོག༔
གཞན་ཡང་མཐོང་ཐོས་དྲན་རིག་ལས་ཀྱིས་འབྲེལ༔
མཁའ་ཁྱབ་ཕ་མ་སེམས་ཅན་མ་ལུས་ཀུན༔
སྟོང་ཉིད་བྱང་ཆུབ་སེམས་མཆོག་རྒྱུད་ལ་སྐྱེས༔
བདེ་ལྡན་ཞིང་དང་འོག་མིན་དཔལ་གྱི་རིར༔
མངོན་སངས་རྒྱས་ནས་འཁོར་བ་ཡོངས་སྟོངས་ཤོག༔
ཐུན་མཇུག་དབང་བཞི་ལེན་པ་ནི༔
མོས་གུས་རྩེ་གཅིག་གསོལ་བ་བཏབ་པ་ཡིས༔
བླ་མའི་དཔྲལ་བའི་འོད་དཀར་སྤྱི་བོར་ཞུགས༔
ལུས་རྩའི་སྒྲིབ་དག་བུམ་པའི་དབང་མཆོག་ཐོབ༔
ཞལ་ནས་འོད་དམར་བདག་གི་མགྲིན་པར་ཐིམ༔
ངག་རླུང་སྒྲིབ་དག་གསང་བའི་དབང་མཆོག་ཐོབ༔
ཐུགས་ཀའི་འོད་མཐིང་རང་གི་སྙིང་གར་ཐིམ༔
ཡིད་ཐིག་སྒྲིབ་དག་ཡེ་ཤེས་དབང་མཆོག་ཐོབ༔
ཐུགས་ལས་ཨ་དཀར་སྙིང་གི་དཀྱིལ་དུ་བབ༔
ཀུན་ཤེས་སྒྲིབ་དག་རིག་པའི་རྩལ་དབང་ཐོབ༔
རྡོ་རྗེ་བཞིར་རྫོགས་རིག་འཛིན་རྣམ་བཞིར་སྨིན༔
འབྲས་བུ་སྐུ་བཞིའི་ཡེ་ཤེས་མངོན་དུ་གྱུར༔
བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ༔
གཉུག་མ་མ་བཅོས་ངང་དུ་རྗེན་པར་བཞག༔
ཉམས་ལེན་བླ་མའི་རྣལ་འབྱོར་ཟབ་མོ་འདི༔
རྩེ་གཅིག་ཉམས་སུ་ལོངས་ཤིག་སྐལ་ལྡན་བུ༔
གྲུབ་འབྲས་མངོན་དུ་འགྱུར་བ་གདོན་མི་ཟ༔
ཐུགས་རྒྱུད་དགོངས་པ་རྟོགས་པའི་མན་ངག་གོ༔
མཚན་མོར་བླ་མ་ནང་ལྟར་བསྒྲུབ་པ་ནི༔
རྣལ་འབྱོར་མ་ཡི་གསལ་སྣང་མ་བྲལ་ངང་༔
ཨེ་མ་ཧོ༔
ཪང་ལུས་འཇའ་ཚོན་ལྟར་གསལ་ལུས་དབུས་སུ༔
ཙིཏྟ་རིན་ཆེན་འོད་ཀྱི་གུར་ཁང་ནང་༔
པདྨ་ཉི་ཟླ་བརྩེགས་པའི་གདན་སྟེང་དུ༔
བུདྡྷ་ཐོད་ཕྲེང་ལོངས་སྐུའི་ཆ་ལུགས་རྫོགས༔
མཐིང་གསལ་སྐྱིལ་ཀྲུང་མཉམ་བཞག་གསེར་རྡོར་མཚན༔
ཐུགས་ཀར་ཨ་དཀར་དྲི་མེད་ཟླ་བའི་མདོག༔
སུམ་མདོར་འོད་དམར་ཐིག་ལེ་ཨ་ཐུང་གཟུགས༔
འོད་ཀྱི་ལུས་ནང་སྒྲོན་མེ་ཇི་བཞིན་གསལ༔
རིག་པ་མ་བཅོས་རྗེན་མེད་ངང་དུ་བཞག༔ ཨ༔
སྐྱེ་མེད་སྙིང་པོ་བརྒྱ་རྩ་བརྒྱད་དུ་བསྒྲང་༔
རིག་པ་ཨར་གཏད་སྤྲོས་བྲལ་ངང་ཉིད་ལས༔
རྨི་ལམ་འོད་གསལ་ངང་དུ་འཇུག་པའོ༔
འདི་ནི་གནད་ཀྱི་མན་ངག་ཟབ་མོ་སྟེ༔
རང་སེམས་ཆོས་སྐུར་རྟོགས་པའི་གདམས་པའོ༔
ནང་ལྟར་བསྒྲུབ་པ་བྱིན་རླབས་སྤྲིན་ཕུང་འདི༔
ཚེ་གཅིག་སངས་རྒྱས་བསྒྲུབ་པའི་ཁྱད་ཆོས་སོ༔
ཨེ་མཿ ཤིན་ཏུ་གསང་བ་ལས་ཀྱང་ཆེས་གསང་བ༔
ཡང་གསང་བླ་མེད་ཟབ་མོ་ཐུགས་ཐིག་གི༔
སྔོན་འགྲོའི་ལམ་རིམ་ཉམས་སུ་ལེན་པའི་ཐབས༔
ཡིད་བཞིན་ནོར་བུའི་ཕྲེང་བ་ཞེས་བྱ་བ༔
སྟོན་པ་དགའ་རབ་དཔའ་བོའི་གསུང་འཁྲུལ་མེད༔
བདག་ཉིད་ཁྲག་འཐུང་བདེ་བེའི་རྡོ་རྗེ་ཡིས༔
རྟེན་འབྲེལ་ཟབ་མོའི་མཚམས་སྦྱར་དང་བཅས་ཏེ༔
ཆོས་བདག་ཌཱཀྐིའི་བརྡས་བསྐུལ་བྱུང་བཞིན་ཕབ༔
བཀའ་དང་གཏེར་གྱི་སྲུང་མས་ཐུབ་པར་སྲུངས༔
ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྐུ་གསུང་ཐུགས་ཀྱི་རྒྱ༔
བྱིན་རླབས་དངོས་གྲུབ་ནོར་བུར་གསོལ་བཏབ་འདྲ༔
ཡི་གེའི་འདུ་བྱེད་རིག་པའི་ཡེ་ཤེས་བགྱིས༔
བྱེ་མའི་གྲངས་ཀྱི་སེམས་ཅན་འགྲོལ་བར་ཤོག༔
ཤུ་བྷཾ༔ དགེའོ།། །།