The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Vidyādharas' Words of Truth—Tibetan

English | བོད་ཡིག

༄༅། །རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་རྩ་བ་གསུམ་གྱི་ལམ་རིམ་དང་འབྲེལ་བའི་སྨོན་ལམ་རིག་པ་འཛིན་པའི་བདེན་ཚིག

 

ཀུན་བཟང་རྡོ་རྗེ་སེམས་དཔའ་དགའ་རབ་རྗེ། །

རབ་འབྱམས་རྒྱལ་བའི་སྤྱི་གཟུགས་པདྨ་འབྱུང་། །

རྗེ་འབངས་གྲོགས་གསུམ་ཀུན་མཁྱེན་ཡབ་སྲས་སོགས། །

བཀའ་བབ་བརྒྱུད་གསུམ་རིག་འཛིན་དགོངས་སུ་གསོལ། །

 

དགོངས་བརྒྱུད་ཡེ་ཤེས་མངོན་སྩོལ་བླ་མ་རྗེའི། །

གསང་གསུམ་སྒྱུ་འཕྲུལ་རྡོ་རྗེ་བཀོད་པའི་སྤྲིན། །

དཔལ་ཆེན་བཀའ་འདུས་ཞི་ཁྲོ་རབ་འབྱམས་དང་། །

མཁར་ཆེན་ཌཱ་ཀིའི་དབང་ཕྱུག་དགོངས་སུ་གསོལ། །

 

གདོད་ནས་ལྷུན་གྲུབ་གཉུག་མའི་རྡོ་རྗེ་གསུམ། །

རྒྱལ་ཐབས་སྤྱི་བླུག་དབང་བཞིའི་སྨིན་བྱས་པས། །

དཀྱིལ་འཁོར་རྣམ་བཞིའི་ལམ་ལ་འཇུག་ནུས་པའི། །

རྡོ་རྗེའི་རིགས་ཀྱི་སྐལ་པ་མཆོག་འགྲུབ་ཤོག །

 

སྲིད་ལས་ངེས་འབྱུང་སྔོན་འགྲོའི་ལམ་མཐར་སོན། །

གཞན་ཕན་བློ་ཡི་ཐེག་ཆེན་ལམ་རྩ་ཚུགས། །

བསགས་དང་སྦྱངས་བས་རྒྱུད་དག་ཁྱད་པར་དུ། །

མོས་གུས་མཐར་ཕྱིན་ཐུགས་ཡིད་གཅིག་འདྲེས་ཤོག། །

 

ཏིང་འཛིན་ལྔ་དང་གབ་པ་རྣམ་བཞི་ཡིས། །

སྣོད་བཅུད་བླ་མར་ཤེས་པའི་བསྐྱེད་རིམ་དང་། །

ཐུགས་ཡིད་གཅིག་འདྲེས་ཟབ་མོའི་རྫོགས་རིམ་གྱིས། །

གཡོ་ཐོབ་གོམས་བརྟན་ཉམས་ལྔ་མཐར་ཕྱིན་ཤོག །

 

སྙན་བརྒྱུད་ཡིད་བཞིན་ནོར་བུའི་རྫོགས་རིམ་དང་། །

མ་བསྒོམ་སངས་རྒྱས་ཕོ་ཉའི་ལམ་མྱུར་གྱིས། །

རིག་འཛིན་རྣམ་བཞིའི་གོ་འཕང་བདེ་བླག་གྲུབ། །

ས་བཅུ་ལམ་ལྔའི་ཡོན་ཏན་མཐར་སོན་ཤོག །

 

ཁྱད་པར་ཐེག་མཆོག་ཤིན་ཏུ་རྣལ་འབྱོར་གྱི། །

ཕྱི་ནང་རུ་ཤན་སྒོ་གསུམ་སྦྱངས་བའི་མཐུས། །

སེམས་རིག་ཤན་འབྱེད་ཅོག་བཞག་བཞིའི་ལྟ་བ། །

འོད་གསལ་སྒྲོན་དྲུག་སྒོམས་པས་བོགས་དབྱུང་སྟེ། །

འོད་གསལ་སྣང་བཞིའི་ཉམས་ལེན་མཐར་སོན་ནས། །

འཇའ་ལུས་རྡོ་རྗེའི་གོ་འཕང་མངོན་གྱུར་ཤོག །

 

མཐོང་བའི་ཆོས་ལ་གྲོལ་བའི་སྐལ་དམན་ན། །

བར་དོ་གསུམ་དུ་གཞི་ཀློང་གྲོལ་བ་དང་། །

རང་བཞིན་སྤྲུལ་པའི་ཞིང་བགྲོད་ཕྲིན་ལས་མཐུས། །

འགྲོ་ཀུན་གདོད་མའི་ས་ལ་སྐྱེལ་ནུས་ཤོག །

 

ཅེས་མཁྱེན་རྟོགས་ཡོན་ཏན་བདུད་རྩིའི་མཛེས་པའི་མཆོག་སྤྲུལ་བསྟན་འཛིན་ཕྲིན་ལས་ཀུན་ཁྱབ་ཀྱིས་དད་མོས་ཐུགས་བརྩེ་ཆེན་པོའི་གངས་ཅན་ས་ཡི་ལྟེ་བ་དབུས་གྱུར་སྤྲུལ་པའི་ཞིང་ནས་ཆེད་དུ་གསུང་བསྐུལ་གནང་བཞིན་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི་བསྟན་ཞབས་སུ་སྐྱེས་པའི་རྒྱལ་ཁམས་ཀུན་ཏུ་རྒྱུ་བ་རྒན་པོ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་དུ་འབོད་པས་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་གཙུག་ལག་ཁང་གསར་པར་མདོ་ཚོགས་ཆེན་འདུས་པའི་སྒྲུབ་ཆེན་སྐབས་བྲིས་ཏེ་ཕུལ་བས་ཀུན་བཟང་ཐུགས་ཀྱི་བསྟན་པ་ལ་བྱ་བ་བྱེད་ནུས་པའི་རྒྱུར་གྱུར་ཅིག །

 

དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ།

Deities of the Longchen Nyingtik

This website uses cookies to collect anonymous usage statistics and enhance the user experience.
Decline
Accept