Meyi Pudri Lineage Prayer—Tibetan
༄༅། །མཚོ་རྒྱལ་སྙན་བརྒྱུད་ཕུར་པ་མེ་ཡི་སྤུ་གྲིའི་བརྒྱུད་འདེབས་བྱིན་རླབས་དཔལ་འབར་ཞེས་བྱ་བ་བཞུགས།
དབྱིངས་རིག་གཉིས་མེད་ཀུན་བཟང་ཡབ་ཡུམ་དང༌། །
བདེ་ཆེན་སྒྱུ་འཕྲུལ་དྲྭ་བ་རྡོ་རྗེ་སེམས། །
རིག་རྩལ་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ། །
གསོལ་བ་འདེབས་སོ་བར་ཆད་བདུད་འདུལ་ཤོག །
དཀྱིལ་འཁོར་ཀུན་བདག་བཛྲ་ཀཱི་ལ་ཡ། །
བདུད་སྡེ་ཀུན་འདུལ་ཁྲོ་རྒྱལ་ཡབ་ཡུམ་བཅུ། །
སྲས་མཆོག་སྒོ་མ་བཀའ་སྡོད་ལྷ་ཚོགས་ལ། །
གསོལ་བ་འདེབས་སོ་བར་ཆད་བདུད་འདུལ་ཤོག །
གསང་ཆེན་བདག་མོ་མཁའ་འགྲོ་ལས་ཀྱི་དབང༌། །
རྩ་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་རྩལ། །
བདུད་འདུལ་རྒྱལ་མོ་མཚོ་རྒྱལ་མནྡཱ་རར། །
གསོལ་བ་འདེབས་སོ་བར་ཆད་བདུད་འདུལ་ཤོག །
སྨོན་ལམ་ལས་སད་དྷརྨ་ཙནྡྲ་དང༌། །
བཀའ་བབ་དབང་ཐོབ་ཡེ་ཤེས་རྡོ་རྗེའི་ཞབས། །
ཟབ་གསང་མངའ་བདག་རྩ་བརྒྱུད་བླ་མ་ལ། །
གསོལ་བ་འདེབས་སོ་བར་ཆད་བདུད་འདུལ་ཤོག །
དད་དང་ངེས་འབྱུང་བརྩོན་པས་སྲིད་ལས་གྲོལ། །
ཐབས་མཁས་སྙིང་རྗེས་ཞི་བའི་མཐའ་ལས་རྒྱལ། །
སྨིན་གྲོལ་གསེང་ལམ་མ་ནོར་སྐལ་ལྡན་པས། །
རྡོ་རྗེའི་ལམ་ལ་ཚུལ་བཞིན་འཇུག་པར་ཤོག །
བསྐྱེད་སྔགས་བཟླས་པས་ནུས་པའི་དྲོད་ཚད་རྙེད། །
ལྟ་སྒོམ་ཟབ་མོས་ཡེ་ཤེས་མངོན་དུ་གྱུར། །
བདུད་བཞི་ལས་རྒྱལ་དཔལ་ཆེན་ཧེ་རུ་ཀའི། །
གོ་འཕང་བདེ་བླག་ཚེ་འདིར་འགྲུབ་གྱུར་ཅིག །
ཅེས་པའང་འཇམ་དབྱངས་བླ་མའི་ཕྲིན་ལས་ཀྱི་རང་གཟུགས་ཁྱབ་བདག་པདྨ་ཡེ་ཤེས་རྡོ་རྗེའི་བཀའ་དྲིན་གྱིས་ཟབ་གསང་མཆོག་འདིའི་ཐུན་མིན་གྱི་སྣོད་ལྡན་དུ་ངེས་པ་རྙེད་པའི་སྐལ་བཟང་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་བསྙེན་སྒྲུབ་ཀྱི་སྐབས་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།