The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Daily Practice of Hayagrīva's Play of the Three Realms—Tibetan

English | བོད་ཡིག

༄༅། །དཔལ་ཆེན་བཀའ་འདུས་རྒྱ་མཚོ་ལས། རྟ་མགྲིན་ཁམས་གསུམ་རོལ་པའི་རྒྱུན་ཁྱེར་དབང་ཆེན་ཐུགས་ཐིག

 

ན་མོ་གུ་རུ་པདྨ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་བྷྱཿ

བདེ་གཤེགས་ཞི་ཁྲོ་རབ་འབྱམས་ཀྱི་སྤྱི་སྒྲུབ་བླ་མ་བཀའ་བརྒྱད་དཔལ་ཆེན་འདུས་པའི་སྒོས་བཀའ་པདྨ་གསུང་གི་སྒྲུབ་ཐབས་རྒྱུན་གྱི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས། པདྨ་ཧེ་རུ་ཀ་ཡི་དགོངས་པ་ཡིས་སོགས་གསོལ་འདེབས་དང༌། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་སོགས་ཡན་ལག་བརྒྱད་པའི་རྒྱུན་བཤགས་སྔོན་དུ་འགྲོ་བས།

པདྨ་ཧེ་རུ་ཀ་ཡི་དགོངས་པ་ཡིས༔

དབང་གི་ལྷ་མོ་ནཱ་ག་རྫུ་ན་དང་༔

པདྨ་འབྱུང་གནས་བར་དུ་བྱིན་རླབས་ཏེ༔

འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔

གསུང་གི་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔

ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔

ཧོཿ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔

དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔

མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔

གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔

དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔

དག་པའི་མཆོད་པ་བཞེས་སུ་གསོལ༔

དངོས་གྲུབ་ཆུ་བོ་གཅོད་པའི་གེགས༔

ཉེས་བྱས་མ་ལུས་བཤགས་པར་བགྱི༔

ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔

མ་ཆགས་སྤྱོད་ལ་རྗེས་ཡི་རང་༔

དག་པའི་མཐའ་བཞི་དྲི་མ་མེད༔

རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔

བདེ་གཤེགས་དབང་ཕྱུག་སེམས་ཅན་ལ༔

དགོས་པ་གསུམ་ཕྱིར་ལུས་འབུལ་ལོ༔

ཚེ་རབས་བགྲངས་པའི་ལས་རྣམས་ཀུན༔

བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔

དངོས་གཞི་བསྐྱེད་རིམ་གསལ་གདབ་པ་ནི།

ཧཱུཾཿ རང་བྱུང་རིག་པ་བདག་མེད་དེ་བཞིན་ཉིད༔

རོལ་རྩལ་ཀུན་སྣང་སྙིང་རྗེ་ཆེན་པོའི་གདངས༔

རྒྱུ་ཡི་རིག་པ་ཧཱུྃ་གིས་སྣོད་བཅུད་སྦྱངས༔

དེ་ཉིད་གནས་འགྱུར་རྡོ་རྗེ་རྩེ་ལྔ་པ༔

སྐད་ཅིག་ཡོངས་གྱུར་རྒྱུ་ཡི་ཧེ་རུ་ཀ༔

བརྗོད་མེད་ཀློང་ལྔ་ཡུམ་གྱི་མཁའ་ལ་ཤར༔

འོག་མིན་གསང་ཆེན་རོལ་པའི་ཕོ་བྲང་ཆེའི༔

ལྟེ་བར་ཟླ་གམ་དམར་པོ་སྒོ་གཅིག་དབུས༔

པཾ་ལས་པདྨ་མཾ་ལས་ཉི་མའི་གདན༔

རུ་དང་ནཱ་ལས་ཀླུ་སྲིན་བསྣོལ་བའི་སྟེང༔

 

ཧཱུྃ༔ རང་བྱུང་རྒྱུ་ཡི་ཧེ་རུ་ཀ༔

ཡེ་ཤེས་དབྱིངས་ནས་གདན་ལ་བབས༔

མཉམ་སྦྱོར་བདེ་བ་ཆེན་པོའི་སྒྲས༔

འཕགས་པ་མཆོད་ཅིང་གཞན་དོན་བྱས༔

ཡོངས་གྱུར་འབྲས་བུའི་ཧེ་རུ་ཀ༔

དཔལ་ཆེན་རྟ་མཆོག་རོལ་པ་ནི༔

སྐུ་མདོག་དུས་མཐའི་མེ་ལྟར་འབར༔

དབུ་ལྔ་ཕྱག་ནི་བཅུ་དྲུག་ལ༔

ཁྱུང་གཤོག་གདེངས་ཤིང་ཞབས་བརྒྱད་བགྲད༔

གཤོག་རྩེ་བྱ་ཁྱུང་ཉི་ཟླས་མཚན༔

དུར་ཁྲོད་དཔལ་གྱི་ཆས་རྣམས་རྫོགས༔

ཤར་ལྷོ་ནུབ་བྱང་གཟིགས་པའི་དབུས༔

དྲི་ཟ་གཤིན་རྗེ་ཀླུ་དབང་དང་༔

གནོད་སྦྱིན་གདོན་ལ་མྱ་ངན་བསྐྱེད༔

གཡས་སྔོ་གཡོན་སེར་ལྷག་མ་དམར༔

སྟེང་ཞལ་རྔམས་པས་བདུད་བཞི་འདུལ༔

ལྔ་ཀའང་རྟ་མགོ་ལྗང་ཞུར་འཚེར༔

རིགས་ལྔའི་རྒྱལ་ལ་གདན་གསུམ་རྫོགས༔

གཡས་པ་བརྒྱད་ཀྱི་དང་པོ་ནས༔

རྡོ་རྗེ་ཁ་ཊྭཱཾ་དྲིལ་བུ་དང་༔

ལྕགས་ཀྱུ་སྦྲུལ་ཞགས་འཁོར་ལོའི་མཚོན༔

རལ་གྲི་རྡོ་རྗེ་ཕྲེང་བའོ༔

གཡོན་བརྒྱད་ཐོད་ཁྲག་པདྨ་སྙིང༔

དབྱུག་པ་རྒྱ་གྲམ་བེ་ཅོན་མེ༔

ཏྲི་ཤུ་ལ་དང་ཁྱུང་ཁྲ་འགྱེད༔

ཞབས་བརྒྱད་ཀླུ་བརྒྱད་རྒྱལ་བསེན་བརྫིས༔

 

ཡུམ་ཆེན་པདྨ་གཟི་ལྡན་སྔོ༔

གཡས་པ་ཡིད་བཞིན་ནོར་འཛིན་འཁྱུད༔

གཡོན་ན་རིན་ཆེན་ཟ་མ་ཏོག༔

 

སྐུ་གསུང་ཐུགས་སུ་བྱིན་བརླབ་ཅིང་༔

ཡེ་ཤེས་ལྔའི་དབང་བསྐུར་རོ༔

ཨོཾ་ཨཱཿཧཱུྃཿ ཧྲཱིཿཨོཾ་སྭཱ་ཧཱུྃ་ཨཱཿ

ཞེས་གསལ་སྣང་བརྟན་པོ་སྒྲུབ། ལེགས་པར་གསལ་བ་དང༌།

གཉིས་པ་བཟླས་པའི་རིམ་པ་ནི།

ཐུགས་ཀར་རྒྱལ་བ་ཀུན་གྱི་ཡུམ༔

པདྨ་གཟི་ལྡན་ཞི་མ་ཁྲོ༔

ཕྱག་མཚན་མེད་དེ་འཛིན་འཛིན་འདྲའི༔

སྙིང་ག་རིན་ཆེན་ཟུར་བརྒྱད་སྟེང་༔

ཉི་མའི་གདན་ལ་ཧྲཱིཿཡིག་མཐར༔

རྡོ་རྗེའི་སྔགས་ནི།

ཨོཾ་ཧུ་ལུ་ཧུ་ལུ་ཕཊ྄ཿཨེ་ཨ་ར་ལི་ཧཱུྃ་ཧྲཱིཿཛཿ

ཞེས་ཅི་ནུས་བཟླ། ཐུན་མཐར་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བཟླས་ལ།

གསུམ་པ་ལྷ་སྣང་བསྡུ་ལྡང་ནི།

ཧོ༔ ཆུ་ལས་ཆུ་བུར་རྡོལ་བ་བཞིན༔

རང་ལས་སྤྲུལ་པའི་དཀྱིལ་འཁོར་ལྷ༔

ཡེ་ཤེས་དབྱིངས་སུ་བཛྲ་མུ༔

རྗེས་ཐོབ་སྒྱུ་མའི་ལྷ་སྐུར་ལྡང་༔

བཛྲ་རཀྵ་ཧཱུྃཿ

རྡོ་རྗེ་སྒོ་བགོ། ཧེ་རུ་ཀའི་ཡིག་བརྒྱས་བརྟན་པར་བྱ།

རྗེས་རིམ་བསྔོ་སྨོན་ནི།

ཧཱུཾཿ སྣང་གྲགས་རིག་པ་དཀྱིལ་འཁོར་གསུམ་གྱི་ངང་༔

བསོད་ནམས་ཡེ་ཤེས་རིམ་གཉིས་རྣལ་འབྱོར་ཚོགས༔

མི་གནས་ཡེ་ཤེས་མྱ་ངན་འདས་པར་བསྔོ༔

ཀུན་ཀྱང་དཔལ་ཆེན་གོ་འཕང་ཐོབ་པར་ཤོག༔

ཅེས་བརྗོད་ནས་སྤྱོད་ལམ་ལ་འཇུག་གོ། །

 

ཅེས་པའང་སྔ་འགྱུར་བཀའ་གཏེར་སྤྱིའི་ཕྱག་བཞེས་ལྟར་རྒྱུན་གྱི་རྣལ་འབྱོར་དུ་བློ་གསལ་རིག་པར་སྨྲ་བ་དགེ་སྦྱོང་བཀྲ་ཤིས་རྒྱ་མཚོས་བསྐུལ་བ་ལྟར་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་རང་གཞན་ཉེར་མཁོའི་ཆེད་དུ་བྲིས་པའོ།།

 

དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ།

Hayagrīva

Vajrayāna Buddhism places restrictions on the reading and practice of certain texts, which are intended only for those who have received the requisite empowerments, transmissions and instructions.

If you are unsure as to whether you are entitled to read or practice a particular text please consult a qualified lineage-holder.

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept