Prayer for Ngawang Rinchen—Tibetan
༄༅། །ངག་དབང་རིན་ཆེན་གྱིས་བསྐུལ་བའི་གསོལ་འདེབས།
ན་མོ་གུ་རུ།
སངས་རྒྱས་ཀུན་གྱི་བདག་ཉིད། །
གུ་རུ་པདྨ་འབྱུང་གནས། །
འདི་ཕྱིའི་སྐྱབས་གནས་ཁྱེད་ལ། །
གསོལ་བ་སྙིང་ནས་འདེབས་སོ། །
བླ་མ་ཁྱེད་ཀྱི་ཐུགས་རྗེས། །
བདག་གི་ནད་གདོན་སོལ་ཅིག །
སྡིག་སྒྲིབ་ཉམས་ཆག་བྱང་ནས། །
ཚེ་བསོད་ལོངས་སྤྱོད་ཉམས་རྟོགས། །
མྱུར་དུ་རྒྱས་པར་མཛོད་ལ། །
མོས་བཞི་ཁམས་གསུམ་དབང་སྡུད། །
ཉོན་མོངས་དགྲ་བགེགས་ཚར་ཆོད། །
བྱིན་རླབས་འཕོ་བའི་དབང་ཆེན། །
ད་ལྟ་ཉིད་དུ་བསྐུར་ནས། །
བདག་རྒྱུད་བྱིན་གྱིས་རློབས་ཤིག །
གནས་སྐབས་མཐར་ཐུག་ཀུན་ཏུ། །
ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིག །
རང་བྱུང་སངས་རྒྱས་དགོངས་པ། །
མཐའ་བྲལ་བློ་འདས་ལྟ་བ། །
གཏན་ལ་འབེབས་པར་མཛོད་ཅིག །
འདི་ཕྱི་བར་དོ་ཀུན་ཏུ། །
མཐོ་བཏང་དམའ་བཏང་ཁྱེད་ཤེས། །
རེ་ས་གཞན་དུ་མེད་དོ། །
བློ་གཏད་ཨོ་རྒྱན་ཁྱེད་ཡིན། །
སྐྱེ་བ་ཀུན་ཏུ་བྱིན་རློབས། །
མཆོག་དང་ཐུན་མོང་དངོས་གྲུབ། །
ད་ལྟ་ཉིད་དུ་སྩོལ་ཅིག །
ཚེ་སྲོག་མི་ཤིགས་རྡོ་རྗེ། །
གཞོམ་མེད་བརྟན་པར་མཛོད་ཅིག །
ནམ་ཞིག་པདྨ་འོད་དུ། །
རིག་འཛིན་མཁའ་འགྲོ་མང་པོས། །
སྔོན་བསུ་རྗེས་སྐྱོལ་གཡེལ་མེད། །
ལམ་སྣ་མྱུར་དུ་དྲོངས་ལ། །
དག་པའི་ཞིང་དུ་སྐྱེལ་ཅིག །
ཅེས་པའི་གདུང་དབྱངས་ཉེ་གནས་ངག་དབང་རིན་ཆེན་གྱིས་བསྐུལ་བའི་ངོར། སྔགས་འཆང་མཆོག་གྱུར་གླིང་པས་ཡར་འཁྱིལ་གཞིས་ཁང་དུ་བྲིས་པ་རྣམ་པ་ཀུན་ཏུ་དགེ་བར་གྱུར་ཅིག །