Prayer for Könchok—Tibetan
༄༅། །དཀོན་མཆོག་གིས་བསྐུལ་བའི་གསོལ་འདེབས།
ཨོ་རྒྱན་པདྨའི་བཀའ་ཡི་ཕོ་ཉ་བ། །
མཆོག་གྱུར་དོན་གཉིས་ལྷུན་གྱིས་གྲུབ་པའི་དཔལ། །
བདེ་ཆེན་འགྱུར་བ་མེད་པའི་དགོངས་པ་ཅན། །
ཐར་པ་ཆེན་པོའི་གླིང་དུ་འགྲོ་ཀུན་འདྲེན། །
དཀོན་མཆོག་བསྟན་འཛིན་དར་ཞིང་རྒྱས་པའི་སྡེ། །
རིག་འཛིན་རཏྣའི་མཚན་དེར་གསོལ་བ་འདེབས། །
གསུང་རབ་ཐམས་ཅད་ངེས་དོན་ཉིད་དུ་ཐོབ། །
དཀར་ནག་ཟང་ཐལ་རྒྱུ་འབྲས་བླང་དོར་བསམ། །
འཁོར་ལོ་གསུམ་གྱི་ཐ་མའི་དགོངས་དོན་བསྒོམ། །
ཀུན་གཞི་བདེ་གཤེགས་སྙིང་པོའི་རྒྱལ་ས་ཟིན། །
མདོར་ན་མགོན་པོ་འབྲི་གུང་པ་ཆེན་པོའི། །
གྲུབ་མཐའ་ཚུལ་བཞིན་རྟོགས་པར་བྱིན་གྱིས་རློབས། །
མགོ་སྒོམ་ཞྭ་ཐོད་མཐོ་མ་གྱོན་ཀྱང་། །
ཚུལ་པད་ཞྭ་ཁྱུང་གཤོག་དེ་དང་འདྲ། །
དཔལ་འབྲི་གུང་པ་ཡི་དགོངས་དོན་རྟོགས། །
ཆོས་ལྟ་གྲུབ་ཀྱི་ཚུལ་ནི་ཡོངས་སུ་བཟུང་། །
འགྲུ་སྐྱུ་རའི་རིགས་སུ་སྐྱེས་པའི་མི། །
དཔལ་དཀོན་མཆོག་བསྟན་འཛིན་དར་རྒྱས་སྡེ། །
མིང་གཞན་དུ་མཆོག་གྱུར་གླིང་འབོད་པ། །
ཕྱོགས་ངེས་མེད་ཀུན་ཏུ་རྒྱུ་བའི་ཚེ། །
རྨ་སྦོམ་རར་ཉེ་བ་བྱང་མཐའི་ལྗོངས། །
མི་ཕྱོགས་གཅིག་དད་པ་འགྱུར་མེད་ཅན། །
ཉམས་དགའ་བ་མོ་གོར་རྒྱན་རྣམས་ཀྱི། །
མིང་དཀོན་མཆོག་ཏུ་འབོད་པའི་གསོལ་འདེབས་ཤིག །
ཞུ་འདོད་དོ་ཟེར་བ་རྣམས་ཀྱི་ངོར། །
དཔྱིད་རྒྱལ་མོ་སླེབས་པའི་དུས་དགེ་བར། །
རྗེ་ཆོས་གྲགས་ཀྱི་བྱིན་གྱིས་བརླབས་པས་སྨྲས། །
ལྷོ་ཚ་རོང་གི་ལོཙཱ་རཏྣས་བྲིས། །