Prayer for Bechu Buring—Tibetan
༄༅། །སྔགས་འཆང་བེ་ཅུ་བུ་རིང་གིས་བསྐུལ་བའི་གསོལ་འདེབས།
རིགས་རྣམས་ཀུན་གྱི་བདག་པོ་ཚེ་དཔག་མེད། །
རིགས་ལྔ་སྒྱུ་འཕྲུལ་དྲྭ་བ་ཞི་ཁྲོའི་ཚོགས། །
རིག་འཛིན་ཚེ་ཡི་ལྷ་ལ་གསོལ་བ་འདེབས། །
རིགས་བཟང་སྨིན་གྲོལ་འཆི་མེད་ཚེ་དབང་སྩོལ། །
སྟོང་ཉིད་མཁའ་ལ་ཐུགས་རྗེའི་ཟླ་འོད་ཅན། །
འགྲོ་བའི་གདུང་སེལ་འཕགས་པ་སྤྱན་རས་གཟིགས། །
བསྐལ་བཟང་སངས་རྒྱས་སེམས་དཔར་གསོལ་བ་འདེབས། །
སྙིང་རྗེའི་ཀུ་མུད་འདབ་བརྒྱ་བཞད་པར་མཛོད། །
ཀ་དག་དབྱིངས་ལ་ཡེ་ཤེས་དཀྱིལ་འཁོར་རྒྱས། །
གསང་སྔགས་བསྟན་པའི་ཉི་མ་ཐོད་ཕྲེང་རྩལ། །
མཁའ་འགྲོ་འཁོར་དང་བཅས་ལ་གསོལ་བ་འདེབས། །
བློ་གྲོས་ཡེ་ཤེས་པདྨོ་བཞད་པར་མཛོད། །
མཆོག་གི་ས་ལ་ཡོན་ཏན་ལྷུན་པོའི་དཔལ། །
ངོ་མཚར་མཚོ་གླིང་བཀོད་པ་བསྟན་པའི་རྒྱན། །
རྗེ་འབངས་གཏེར་སྟོན་ཚོགས་ལ་གསོལ་བ་འདེབས། །
བསྐྱེད་རྫོགས་རྒྱལ་སྲིད་བདུན་གྱིས་ཕྱུག་པར་མཛོད། །
སྟོང་ཉིད་འཁོར་ལོ་སྙིང་རྗེའི་ནོར་བུ་མཆོག །
བདེ་སྟོང་བཙུན་མོ་ཤེས་རབ་ཐབས་མཁས་བློན། །
ཐེག་གསུམ་བརྟུལ་ཞུགས་སྟོབས་ལྡན་གླང་པོ་དང་། །
ས་ལམ་མྱུར་དུ་བགྲོད་པའི་རྟ་ཡི་མཆོག །
བདུད་བཞི་ལས་རྒྱལ་ཡོན་ཏན་བདུན་མངའ་བའི། །
འཁོར་ལོས་སྒྱུར་བ་དཔལ་ལྡན་བླ་མ་ལ། །
གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །
སྐུ་བཞིའི་རྒྱལ་ས་ཟིན་པར་མཛད་དུ་གསོལ། །
ཅེས་པ་འདི་སྔགས་འཆང་བེ་ཅུ་བུ་རིང་ནས་བསྐུལ་ངོར། མཆོག་གྱུར་གླིང་པས་བྲིས་པ་དགེ།།