The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Advice for Disciples—Tibetan

English | བོད་ཡིག

༄༅། །སློབ་མ་ལ་གདམས་པ།

རྗེས་འཇུག་སྐལ་བཟང་རྣམས་ལ་བསྩལ་པའི་ཞལ་གདམས་བསླབ་བྱ་ཉམས་ལེན་གྱི་སྐོར་སྤང་བླང་མིག་འབྱེད་ཟབ་དོན་སྙིང་གི་བདུད་རྩི་ལས་བཀོལ་དུ་ཕྱུང་བའོ།།

ཨེ་མ་ཧོ༔ བདུད་རྩི་བཞི་བརྒྱ་རྩ་བཞི་ཡིས། །ཕྱི་ཡི་ནད་རིགས་ཞི་བར་མཛད། །གུ་རུ་པདྨ་སྨན་གྱི་ལྷ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བདུད་རྩི་བརྒྱད་ཁྲི་བཞི་སྟོང་གིས། །ནང་གི་ཉོན་མོངས་ནད་རིགས་འཇོམས། །གུ་རུ་པདྨ་སྨན་གྱི་ལྷ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བདུད་རྩི་ཡེ་ཤེས་རྣམ་ལྔ་ཡིས། །གསང་བ་དུག་ལྔའི་ནད་རྣམས་དག །གུ་རུ་པདྨ་སྨན་གྱི་ལྷ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བདུད་རྩི་དགའ་བ་ཆེན་པོ་བཞེས། །ཡང་གསང་གཟུང་འཛིན་དབྱིངས་སུ་སྦྱངས། །གུ་རུ་པདྨ་སྨན་གྱི་ལྷ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བདུད་རྩི་བདེ་བ་ཆེན་པོ་ཡིས། །དེ་ཉིད་ནད་ཀྱི་མཐའ་བྲལ་རྟོགས། །གུ་རུ་པདྨ་སྨན་གྱི་ལྷ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བསོད་ནམས་ཆུ་གཏེར་ལས་བྱུང་བའི། །ལྷག་བསམ་ཟླ་བའི་བདུད་རྩི་ཡིས། །འགྲོ་བའི་གདུང་བ་ཀུན་སེལ་ཞིང་། །དགེ་བའི་སྣང་བ་འཆར་བར་ཤོག །རྒྱུད་དོན་རྟོགས་པའི་དྲང་སྲོང་གིས། །མན་ངག་བཅུད་ལྡན་བུམ་པ་ཐོགས། །དོན་གཉེར་འགྲོ་བའི་ནད་རིགས་ཀུན། །ཞི་བའི་ནུས་ལྡན་མཛད་དུ་གསོལ། །གསོ་རིག་འཛིན་པས་ནད་ཙམ་སེལ། །དྲང་སྲོང་ཆེན་པོ་ཁྱེད་རྣམས་ནི། །ཕྱི་ནང་གཞན་གསུམ་ནད་ཀུན་འཇོམས། །བླ་མ་ཁྱེད་རང་དབྱེར་མེད་ཤོག །འཚོ་མཛད་ཕལ་གྱི་སྲོག་འཚོ་ཡང་། །འཚོ་མཛད་རྒྱལ་པོ་ཁྱོད་ཀྱིས་ནི། །ཐར་པའི་སྲོག་རྩ་མ་ལུས་སྦྱིན། །སྨན་རྒྱལ་ཁྱོད་དང་དབྱེར་མེད་ཤོག །དེ་ནས་བཟུང་སྟེ་བྱང་ཆུབ་བར། །རིག་འཛིན་ཁྱེད་དང་འབྲལ་མེད་པར། །འགྲོ་བའི་ནད་གདོན་ཀུན་སེལ་ཞིང་། །བདེ་བ་མཆོག་ལ་འགོད་པར་ཤོག །ཆོས་ཀྱི་བདུད་རྩི་བསིལ་བ་ཡིས། །ཉོན་མོངས་གཅོང་ནད་ཀུན་ཞི་ཞིང་། །སྡུག་བསྔལ་ཀུན་བྲལ་ས་མཆོག་ཏུ། །འགོད་པའི་དཔལ་དུ་བྱིན་གྱིས་རློབས། །དེ་ལྟར་རྒྱུན་དུ་གསོལ་བ་ཐོབ། །ད་དུང་གསོན་དང་སྐལ་ལྡན་མ། །མང་པོ་ཐོས་དགོས་རིགས་བཟང་མ། །ལེགས་པར་བསམ་དགོས་འཚོ་མཛད་མ། །ཤིན་ཏུ་བསྒོམ་དགོས་ཉེ་གནས་མ། །ཉམས་ལེན་བྱེད་འདོད་ཐོས་པ་དགོས། །མང་པོ་མ་ཐོས་ཇི་ལྟར་བསམ། །མ་ཐོས་མ་བསམ་གང་ཟག་དེ། །སྒོམ་དུས་སྒྲོ་འདོགས་ཆོད་མི་འགྱུར། །ཐོས་པས་མི་ཕན་ལེགས་པར་བསམ། །བསམ་པས་དཔྱད་བརྡར་མ་བྱས་ན། །གོལ་སར་ཤོར་ས་མང་བ་ཡིན། །བསམ་པས་མི་ཕན་ལེགས་པར་བསྒོམ། །ཐོས་བསམ་ལྟ་བ་གོ་བ་ཡིན། །གོ་བའི་ལྟ་བར་གདེང་བྱས་ན། །གཤོག་མེད་གཡང་ལ་མཆོང་དང་མཚུངས། །བསྒོམ་པ་ཙམ་གྱིས་མི་ཕན་ཏེ། །དྲོད་རྟགས་ཐམས་ཅད་ཐོན་པར་དགོས། །དྲོད་རྟགས་རིམ་པར་མ་ཐོན་ན། །བསྒོམས་ཀྱང་གནད་དུ་མ་སོང་རྟགས། །གནད་ལ་མ་སོང་ཉམས་ལེན་དེ། །སྒོམ་ཡུན་རིང་ཀྱང་ངལ་བའི་རྒྱུ། །བསྒོམ་པ་ཀུན་གྱི་སྔོན་འགྲོ་ལ། །ངེས་འབྱུང་བསམ་པ་བརྟན་པོ་དགོས། །དེ་ཡང་འཁོར་བའི་བཙོན་ར་འདིར། །འགྲོ་དྲུག་སེམས་ཅན་གྲངས་མང་ཡང་། །མི་ལུས་ཐོབ་པ་ཤིན་ཏུ་དཀའ། །གླིང་གཞན་མཐའ་འཁོབ་མི་མང་ཡང་། །དལ་འབྱོར་བཅོ་བརྒྱད་ཐོབ་པ་ཉུང་། །དལ་འབྱོར་ཐོབ་པའི་ལུས་ལྡན་ཀྱང་། །གསང་སྔགས་རྡོ་རྗེ་ཐེག་པ་ལ། །ནམ་ཡང་མཇལ་བའི་སྐལ་མེད་ཀྱང་། །ད་རེས་གསང་སྔགས་སྒོ་རུ་ཞུགས། །འདི་འདྲ་དོན་མེད་ཆུད་ཟོས་སུ། །བཏང་ན་སྙིང་ནི་རུལ་པ་ཡིན། །དེ་ཕྱིར་གསང་སྔགས་ཉེ་བའི་ལམ། །ཞུགས་ནས་མི་ལུས་དོན་ལྡན་མཛོད། །དེ་ཡང་མྱུར་དུ་མ་བརྩོན་ན། །ལུས་འདི་ཆུ་བུར་གློག་དང་འདྲ། །སྐད་ཅིག་རྟག་ཐུབ་གདེང་མེད་ན། །དོ་ནུབ་མི་འཆི་ཅི་ཞིག་བསམ། །བརྒྱད་ཅུ་ལོན་པའི་མི་དེ་ཚོ། །ད་རུང་མི་ཚེ་གཅོད་ཐབས་ཟེར། །སྙིང་དེ་ལྕགས་ལས་གྲུབ་བམ་ཅི། །ཤི་བའི་རྗེས་སུ་ངན་སོང་དུ། །གཞན་དུ་ག་ལ་འགྲོ་བར་འགྱུར། །ཅི་ཕྱིར་ཐོག་མེད་ནས་བསགས་པའི། །སྡིག་སྒྲིབ་བག་ཆགས་དེར་མ་ཟད། །ཚེ་འདིའི་བསྲིང་ཐབས་སྡིག་པ་ནི། །ཐང་གཅིག་ལས་ཀྱི་ངན་སོང་རྒྱུ། །དེ་ལས་གཡང་ལས་ལྷུང་བ་ལ། །རང་གིས་རང་ཉིད་མ་བཟུང་ན། །གཞན་ལ་རེ་བས་བསླུ་བསླུ་འདྲ། །གལ་ཏེ་རང་གིས་རང་བསླུས་ནས། །ངན་སོང་གནས་སུ་སྐྱེས་པ་ན། །སྡུག་བསྔལ་བཟོད་བླགས་མེད་པ་ནི། །རང་རེ་རྣམས་ཀྱིས་བསམ་མི་ཕོད། །བློ་ཆེན་བྱང་ཆུབ་སེམས་དཔའ་ཡི། །ཐུགས་ཀྱང་གས་པར་བྱེད་པ་ན། །གཞན་གྱི་བསམ་ན་ག་ལ་ཕོད། །ཀྱེ་མ་ཀྱི་ཧུད་དེ་འདྲ་བ། །ཆགས་སྡང་རྨོངས་གསུམ་དག་ལས་བྱུང་། །མི་དགེ་ཉེས་པའི་ཚོགས་ལས་བྱུང་། །ལས་ནི་དཀར་ནག་ཅི་བསགས་ཟླ་ཀྱང་། །བསྐལ་པ་ཞིག་ཀྱང་རང་ལ་སྨིན། །རྣམ་སྨིན་འཕགས་པས་སྐྱོབས་མི་སྲིད། །ལས་ནི་རང་གིས་སྦྱང་དགོས་སོ། །ཐབས་མི་མཁས་ན་དཀའ་བ་ཡོད། །ཐབས་ལ་མཁས་ན་སྦྱང་བར་སླ། །འཁོར་བའི་རྒྱ་མཚོར་མུ་མཐའ་མེད། །སྡུག་བསྔལ་དྲག་པོ་རྦ་རླབས་གཡོ། །དུག་གསུམ་ཆུ་སྲིན་ཚོགས་ཀྱིས་ཁེངས། །ཉམས་ཐག་བྱིང་བ་སྐྱབས་མེད་ལ། །དཀོན་མཆོག་གསུམ་པོ་མ་གཏོགས་པའི། །སྐྱོབ་པར་ནུས་པ་སུ་ཞིག་མཆིས། །འཁོར་བའི་རྒྱ་མཚོ་འདིའི་དཀྱིལ་ནས། །ཐབས་ཀྱི་གྲུ་ལ་གནས་དུས་འདིར། །མྱུར་དུ་འགྲོ་བར་མི་བྱེད་ན། །གྲུ་འདི་ཞིག་པར་གྱུར་ཕྱིན་ཆད། །རྒྱ་མཚོར་བྱིང་ལས་ཐར་དུས་མེད། །དེ་ཕྱིར་དཀོན་མཆོག་གསུམ་པོ་ལ། །སྐྱབས་ཀྱི་སྙིང་པོར་བྱས་ནས་ཀྱང་། །ཇི་ལྟར་བྱུང་ཡང་ཐབས་གཞན་སྤངས། །བློ་ནི་ལིང་སྐྱར་བྱེད་པ་གཅེས། །ཡོན་ཏན་ཀུན་གྱི་གཞི་རྟེན་ནི། །སོ་ཐར་རིས་བདུན་ཉིད་དུ་གསུངས། །བསྡུ་ན་ཁྱིམ་པ་རབ་བྱུང་གཉིས། །རབ་ཏུ་བྱུང་བར་མ་ནུས་ན། །ཁྱིམ་པ་དགེ་བསྙེན་ཚུལ་ཁྲིམས་ནི། །སྲོག་གཅོད་རྫུན་སྨྲ་ནོར་འཕྲོག་རྐུ། །གཞན་གྱི་ཁྱོ་ཕོ་ཆུང་མར་སྤྱོད། །རང་གི་ཆུང་མ་བསྐྱར་ལ་སོགས། །འདོད་པས་ལོག་པར་གཡེམ་པ་སྟེ། །རྩ་བའི་ཆོས་བཞི་སྤངས་པ་དང་། །ཡན་ལག་ཉེས་བསྐྱེད་ཆང་ཡང་སྤང་། །གཞན་ཡང་ཕྲ་མ་ཚིག་རྩུབ་འཆལ། །བརྣབ་སེམས་གནོད་སེམས་ལོག་ལྟ་རྣམས། །སྤང་བའི་ལྡོག་པ་དགེ་བཅུ་སྤྱད། །དེ་ལྟར་སོ་ཐར་སྡོམ་ལྡན་ཀྱང་། །བླ་མེད་བྱང་ཆུབ་མི་ཐོབ་པས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས། །རྒྱལ་སྲས་སྤྱོད་པ་ལ་སྨོན་ཞིང་། །འཇུག་པས་བདག་གཞན་སྙོམས་པ་ཡི། །ཕན་པ་ནུས་ཚད་བསྒྲུབ་པར་བྱ། །སེམས་ཅན་གཅིག་ཀྱང་བློས་མི་བཏང་། །མཁན་པོ་སློབ་དཔོན་ཕ་མ་བསླུ། །དགེ་བའི་ལས་ལ་འགྱོད་པ་བསྐྱེད། །གཞན་ལ་བསྐུར་པ་བཏབ་པ་དང་། །གཡོ་སྒྱུས་གཞན་རྣམས་བསླུས་པ་ནི། །ནག་པོའི་ཆོས་བཞི་ཀུན་ཏུ་སྤངས། །མཁན་སློབ་ཕ་མའི་བཀའ་སྒྲུབ་ཅིང་། །དགེ་བའི་ལས་ལ་སྤྲོ་བ་བསྐྱེད། །རྒྱལ་སྲས་གཞན་ལ་བསྟོད་བསྔགས་བརྗོད། །གཡོ་སྒྱུ་མེད་པར་དྲང་པོ་ཡིས། །གཞན་ལ་ཕན་པར་བྱ་བ་ནི། །དཀར་པོའི་ཆོས་བཞི་ཀུན་ཏུ་སྤྱད། །དེ་ལྟར་སོ་ཐར་སེམས་བསྐྱེད་གཉིས། །རྒྱུ་ཡི་ཐེག་པ་རིང་བའི་ལམ། །ཉེ་ལམ་གསང་སྔགས་མ་བསྟེན་པར། །སངས་རྒྱས་ཉག་གཅིག་མི་ཐོབ་པས། །བླ་མ་མཚན་ཉིད་ལྡན་པ་ལ། །གཟུགས་བརྙན་དག་ལས་བུམ་དབང་ཞུས། །ཡབ་ཡུམ་ལ་ནི་གསང་དབང་ནོད། །གསང་བ་ལ་བརྟེན་གསུམ་པ་དང་། །དོན་དམ་སེམས་ལ་བཞི་པ་ནོད། །བླ་མ་སྙིང་ལྟར་བྱས་ནས་སུ། །མཆེད་ལྕམ་ཡི་དམ་ལྷ་ལ་བལྟ། །ལུས་ནི་སྐུ་དང་ངག་ནི་སྔགས། །ཡིད་ནི་སངས་རྒྱས་ཡིན་པར་ཤེས། །སྣོད་བཅུད་དག་པའི་ངང་དུ་བལྟ། །གསང་སྔགས་ལྟ་སྤྱོད་ལ་སོགས་པ། །གཞན་ལ་མི་སྨྲ་གསང་བ་དང་། །དོན་དམ་རང་རིག་བྱང་ཆུབ་སེམས། །ཐ་དད་བྲལ་བའི་འོད་གསལ་བ། །ཀུན་རྫོབ་བྱང་ཆུབ་སེམས་བསྐྱེད་དང་། །ཐིག་ལེ་ཉམས་པར་མི་བྱ་ཞིང་། །ཡན་ལག་དམ་ཚིག་ཅི་ནུས་སྲུང་། །གལ་ཏེ་ཉམས་པར་གྱུར་ན་ནི། །བླ་མའི་དྲུང་ངམ་ལྷ་བསྒོམ་པ། །དེ་ནི་བཤག་ཡུལ་རྟེན་གྱི་སྟོབས། །ཉེས་པར་འགྱོད་པ་སུན་འབྱིན་སྟོབས། །བཟླས་བརྗོད་བྱེད་དང་མདོ་རྒྱུད་ཀློག །ཕྱག་བསྐོར་ཉེས་པ་ངག་ནས་བརྗོད། །དེ་ནི་གཉེན་པོ་ཀུན་སྤྱོད་སྟོབས། །ཕྱིས་ནས་འགལ་བ་མི་བགྱིད་པ། །ཡིད་ཀྱིས་སྡོམ་པ་ཆུ་ལོན་སྟོབས། །ཆུ་རགས་བརྩེགས་པ་ལྟ་བུའོ། །འདི་ལས་ལྷག་པའི་བཤགས་ཐབས་མེད། །མཚམས་མེད་པ་ཡང་བྱང་བར་གསུངས། །འགྱོད་སྡོམ་གཉིས་པོ་མེད་ན་ནི། །བཤགས་བློ་ཙམ་གྱིས་ཕན་པ་མེད། །དེ་ཕྱིར་སྙིང་ནས་འགྱོད་སྡོམ་དགོས། །རྒྱུད་སྡེ་ཀུན་གྱི་མཐར་ཐུག་ནི། །བསྐྱེད་རིམ་གཏུམ་མོ་མཐར་ཐུག་ཡིན། །མདོར་ན་རྒྱུ་འབྲས་ཞིབ་པ་དང་། །གཞན་ཕན་བསམ་པ་བཟང་པོ་དང་། །ལྷ་ཉིད་ཡིན་པའི་ང་རྒྱལ་དང་། །བཟླས་པ་ཆུ་བོའི་རྒྱུན་བཞིན་དང་། །སེམས་ཉིད་ཡུལ་དང་ཡུལ་ཅན་འདྲེས། །བྱར་མེད་ངང་དུ་བཞག་པ་ནི། །བྱང་ཆུབ་རྣལ་མའི་ལམ་ཡིན་ནོ། །ཟག་བཅས་ཟག་མེད་དགེ་བ་ཀུན། །མཐའ་ཡས་འགྲོ་བ་ཡོངས་ལ་བསྔོ། །ལྷ་མི་ཐོབ་ཕྱིར་བསྔོ་མི་བྱ། །བླ་མེད་བྱང་ཆུབ་རྒྱུ་རུ་བསྔོ། །གལ་ཏེ་ལྷ་མིའི་བདེ་འབྲས་ལ། །དམིགས་ནས་དགེ་བ་བསྔོས་གྱུར་ན། །ཆུ་ཤིང་དག་གི་འབྲས་བུ་བཞིན། །ལན་གཅིག་སྤྱད་ན་ཟད་པར་ངེས། །བླ་མེད་བྱང་ཆུབ་ལ་བསྔོས་ན། །དཔག་བསམ་ཤིང་གི་འབྲས་བུ་ལྟར། །བླངས་མ་ཐག་ཏུ་རེ་རེ་སྨིན། །འབྲས་བུ་ཇི་ལྟར་ལོངས་སྤྱོད་ཀྱང་། །ཟད་པར་མི་འགྱུར་སླར་ཡང་འཕེལ། །དེ་ཕྱིར་བྱང་ཆུབ་རྒྱུ་རུ་བསྔོ། །དེ་ལྟར་བརྩོན་ན་ཚེ་འདིར་ཡང་། །འཇིགས་པ་ཀུན་བྲལ་བདེ་བ་འཕེལ། །ཡིད་དང་མཐུན་པ་ཐམས་ཅད་འགྲུབ། །ཕྱི་མ་བདེ་ཆེན་ཞིང་ཁམས་སུ། །སྐྱེས་ནས་རིམ་གྱིས་སངས་རྒྱས་འགྱུར། །དེ་ཕྱིར་མཆོག་ཏུ་ངེས་པར་གྱིས། །མདོ་ སྔགས་ཆོས་ཀྱི་གནད་རྣམས་འདུས། །འདི་ལ་ཉིན་བཞིན་ལྟ་རྟོག་གྱིས། །དྲན་པའི་གསལ་འདེབས་ངེས་པར་འོང་། །འཆི་བ་ནམ་འོང་ཆ་མེད་པས། །སྙིང་ནས་ཉམས་སུ་མ་བླངས་ན། །གདམས་པ་མང་ཞུས་དོན་གོ་མེད། །སྔོན་བྱོན་དམ་པ་གྲངས་མང་བའི། །གདམས་པ་བགྲང་གིས་མི་ལང་པ། །ཡོད་ཀྱང་དེ་ལ་མི་ལྟ་བར། །ཞལ་གདམས་བསྐུལ་མ་མང་ན་ཡང་། །བྲིས་ནས་བྱིན་ཀྱང་ཚར་གཅིག་ཀློག །ཁུག་མ་ནང་དུ་བཅུག་ནས་སུ། །ལོ་རེའི་ནང་ནས་ལན་རེ་ཡང་། །བལྟ་བར་མི་ བྱེད་དེ་འདྲ་བར། །དཔོན་སློབ་གཉིས་ཀ་ངལ་བའི་རྒྱུ། །ཆོས་བྱེད་ཕྱི་མ་ཁ་ལ་བཏགས། །ཉམས་ལེན་བྱེད་ཅིང་ཡོད་དོ་ཟེར། །བསང་གསོལ་དྲག་སྔགས་འུར་འདོན་བྱེད། །སྙིང་ལ་ཚེ་འདིའི་ཞེན་པ་ནི། །ལྕགས་འཛེར་ལས་ཀྱང་སྲ་བས་ཐེབས། །དེ་ཚེ་འཆི་དུས་ཅི་ཚུག་བྱེད། །ང་ལ་བསྐྱེད་རྫོགས་རྩ་རླུང་ཡོད། །བྱི་ཕྲུག་བྱུང་ཡང་སྤྲུལ་རྒྱུད་ཡིན། །ནང་ནས་བདག་འཛིན་མ་ཞིག་པར། །ཕྱི་ནས་ཚུལ་ཁྲིམས་ཞིག་པོར་བྱེད། །ཆང་དང་བུད་མེད་ངལ་མེད་སྤྱོད། །སྲོག་ལུས་ནོར་ཀྱང་དེ་ཕྱིར་གཏོང་། །སྔགས་འཆང་ཡིན་ཞེས་དེ་ཚོ་ཡང་། །འཆི་དུས་ཐར་ལམ་ཟིན་པར་དཀའ། །སྡོམ་ཤོར་གྲས་སུ་མི་སྡོད་པར། །གྲུབ་ཐོབ་ཁས་ལེན་བྱས་པ་མཚར། །འཁྲུལ་མེད་རྨ་གཏེར་ཤོག་ཟ་ཡིག་ཙམ། །མེད་པར་གཏེར་སྟོན་ཁས་ལེན་ན། །ཟབ་གཏེར་བསྟན་པ་ནུབ་ལས་ཆེ། །འོན་ཀྱང་ལས་སྐལ་ཡོད་པ་མང་། །སྔགས་དང་ཤིན་ཏུ་མཐུན་ངེས་པའི། །གསང་བའི་ལྟ་སྤྱོད་མ་གཏོགས་པའི། །འཆོལ་སྤྱོད་ཅན་ལ་ཡི་དམ་གཏད། །ལམ་རྟགས་ཚད་དང་ལྡན་པ་དགོས། །ང་ནི་དགོས་པའི་དབང་གིས་ནི། །དགེ་ཚུལ་བཏང་ནས་དགེ་བསྙེན་བྱས། །དགེ་འདུན་རྣམས་ཀྱིས་ཞབས་ནས་བཏེགས། །ད་ལྟ་ཐོས་བསམ་འཕེལ་བར་ཡོད། །ཤེས་ཚོད་ཆོས་བཤད་མང་དུ་བྱས། །ལམ་སྣ་ཟིན་པ་འགའ་ཡང་བྱུང་། །ཁོ་བོ་སོ་སོའི་སྐྱེ་བོ་སྟེ། །སྦྱིན་བདག་ཁྱིམ་པ་ཞིག་ཏུ་ངེས། །དད་པ་དག་སྣང་ཆེ་བ་འགས། །སྔགས་ཀྱི་སློབ་དཔོན་ཡིན་པར་གཟིགས། །བོང་བ་གསེར་གཟིགས་ཟེར་བ་ཡིན། །ཟབ་མོ་གཏེར་ཞིག་ཐོན་པ་ལས། །ཡོན་ཏན་ཏིལ་འབྲུ་ཙམ་ཞིག་མེད། །དད་པ་ལྡན་པའི་མ་བུ་གཉིས། །ང་ལ་འགྲོགས་ཡུན་རིང་ན་ཡང་། །སྐྱོན་མ་མཐོང་བར་ཆོས་ཞུ་མང་། །ང་ཡང་ཞལ་གདམས་གང་དྲན་བྲིས། །འདི་ལ་དགེ་བ་ཅི་ཡོད་པ། །མཐའ་ཡས་འགྲོ་བ་མ་ལུས་ཀུན། །བླ་མེད་བྱང་ཆུབ་རྒྱ་རུ་ཤོག །ཅེས་པ་མཁའ་འགྲོའི་རྣམ་འཕྲུལ་བདེ་ཆེན་ཆོས་སྒྲོན་གྱི་བསྐྱེད་ཡུམ་ཉེ་བར་གནས་པའི་སྐྱིད་དགའ་དང་སྒྲོལ་མའི་མིང་ཅན་མ་བུ་གཉིས་ཀྱིས་རྒྱལ་རྒྱལ་གངས་མགུལ་གཡུ་མཚོ་ནི་ཁྲོད་ནས་བསྐུལ་ངོར། ཁ་ལ་རོང་སྒོའི་དཔལ་ཆེན་པོའི་བསྟི་གནས་ནས་མཆོག་གྱུར་གླིང་པས་བྲིས་པ་དགེ་བར་གྱུར་ཅིག།

མཆོག་གྱུར་བདེ་ཆེན་གླིང་པ།

མཆོག་གྱུར་བདེ་ཆེན་གླིང་པ།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept