The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Advice for the Mantra-Holder Wanglu—Tibetan

English | བོད་ཡིག

༄༅། །སྔགས་འཆང་དབང་ལུ་ལ་གདམས་པ། །

རྗེས་འཇུག་སྐལ་བཟང་རྣམས་ལ་བསྩལ་པའི་ཞལ་གདམས་བསླབ་བྱ་ཉམས་ལེན་གྱི་སྐོར་སྤང་བླང་མིག་འབྱེད་ཟབ་དོན་སྙིང་གི་བདུད་རྩི་ལས་བཀོལ་དུ་ཕྱུང་བའོ།།

གསོན་དང་སྔགས་འཆང་དབང་ལུ་ཁྱོད། །ཐར་པའི་ལམ་སྣ་ཟིན་དགོས་ན། །མི་རྟག་སྙིང་ནས་དྲན་པ་པ་དང་། །འཁོར་བ་སྐྱོན་དུ་མཐོང་བ་དང་། །བསླུ་མེད་སྐྱབས་ལ་ཡིད་ཆེས་དང་། །བླ་མ་དམ་པ་སངས་རྒྱས་སུ། །མཐོང་ན་གསོལ་བ་འདེབས་པར་མཛོད། །སྐྲ་དཀར་ཡང་ད་དུང་འདུག་ཆས་བྱེད། །མི་དེ་ལ་ཐར་པ་ག་ལ་ཡོད། །སྐྱིད་བརྒྱགས་འཛོམ་དུས་ཕྲེང་བ་བཟུང་། །ལྟོགས་སྡུག་བྱུང་ན་གསོད་སྡིག་བྱེད། །དེ་ལ་ཐར་པ་ག་ལ་ཡོད། །བློ་ཕུག་ཆོས་ལ་གཏད་པའི་མི། །དཔའ་དམ་ཁྲམ་ཤོག་ཆེ་བ་རྣམས། །རང་ཕུང་སྦྲུལ་གྱི་ཞེ་སྡང་འདྲ། །བྱམས་དང་སྙིང་རྗེ་མ་བསྒོམ་ན། །ཆོས་ཀྱི་རྩ་བ་རུལ་བ་ཡིན། །ནོར་གསོག་པ་གཏོང་ཕོད་མེད་པ་དེ། །བྲག་གསེབ་བྲ་པའི་རྣམ་ཐར་འདྲ། །ཚེ་འདི་ནི་མགྲོན་པོའི་ཚུགས་སོ་འདྲ། །ཕྱི་མ་ཕ་ཡུལ་སྡོད་ཡུན་རིང་། །ནོར་བསགས་པས་ཕན་པ་དེ་།དུས་དགོས། །དེ་ལ་སེམས་ནས་མཆོད་སྦྱིན་གྱིས། །ནོར་འཕྲོག་མེད་རང་ལ་ཕན་ངེས་དེ། །དགེ་བའི་ཕྱོགས་སུ་བཏང་བ་ཡིས། །རྒྱ་མི་ཟད་གཏེར་དུ་སྦས་པ་ལ། །དེ་ལ་བསྔོ་བས་རྒྱས་འདེབས་མཛོད། །གསང་སྔགས་བསྐྱེད་རིམ་བསྒོམ་པ་ལ། །ཨ་འཐས་ཞེན་པ་རུ་དྲའི་རྒྱུ། །སྣང་སྟོང་འཇའ་ཚོན་ལྟ་བུ་ལ། །དད་པའི་ངོ་བོ་དག་སྣང་དགོས། །སྟོང་ཉིད་སེམས་ལ་བལྟ་དུས་སུ། །འཛིན་པ་ཞུགས་ན་གོལ་བའི་རྒྱུ། །འཛིན་མེད་ངང་དུ་བཞགཤེས་ན། །ཚེ་གཅིག་ལ་སངས་རྒྱས་འགྲུབ་པར་ངེས། །སྤྱིར་ཆོས་མཛད་ཡོངས་ལ་གདམས་པ་ཡིན། །སྒོས་སྔགས་འཆང་རྣམས་ཀྱི་ཐུགས་དམ་ཡིན། །དད་མོས་ཀྱི་དཔོན་སློབ་ཚོགས་པ་འདི། །ཟབ་ཆོས་འཕེལ་བའི་བཀྲ་ཤིས་ཤོག །ཅེས་ཨ་མྱེས་དབང་ལུ་སོགས་སྔགས་འཆང་རྣམས་ཀྱིས་གསོལ་འདེབས་ཞལ་གདམས་གསུངས་པ་རྣམས་ཀྱི་ངོར་མཆོག་གྱུར་གླིང་པས་བྲིས་པ་དགེ། །།

མཆོག་གྱུར་བདེ་ཆེན་གླིང་པ།

མཆོག་གྱུར་བདེ་ཆེན་གླིང་པ།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept