Advice for Khyunggö Tsal—Tibetan
༄༅། །རིག་འཛིན་ཁྱུང་རྒོད་རྩལ་ལ་གདམས་པ།
རྗེས་འཇུག་སྐལ་བཟང་རྣམས་ལ་བསྩལ་པའི་ཞལ་གདམས་བསླབ་བྱ་ཉམས་ལེན་གྱི་སྐོར་སྤང་བླང་མིག་འབྱེད་ཟབ་དོན་སྙིང་གི་བདུད་རྩི་ལས་བཀོལ་དུ་ཕྱུང་བའོ།།
ཟབ་པའི་གཏེར་འཛིན་སྦས་པའི་རྣལ་འབྱོར་པ། །རིག་འཛིན་ཁྱུང་རྒོད་རྩལ་གྱི་སྤྱན་སྔ་ནས། །ཡུན་འཚོའི་རྟེན་འབྲེལ་ཚིག་དོན་བཟང་བའི་གསུང་། །གནང་སྐྱེས་གྱ་ནོམ་ལེགས་འབྱོར་བཀའ་དྲིན་ཆེ། །བདེན་པའི་ཚིག་གིས་དྲི་བ་མཛད་པ་ལ། །སུན་པར་མི་བགྱི་ཤིན་ཏུ་སྤྲོ་བའི་གནས། །སྤྱི་དང་བྱེ་བྲག་ཁྱད་པར་དོན་གསུམ་ལ། །གཡོ་ཟོལ་མེད་པའི་ཞུ་ལེན་འདི་བཞིན་འབུལ། །སྤྱིར་ནི་རང་ཉིད་ཆོས་དང་མཐུན་གྱུར་ན། །སྒྲོ་སྐུར་བྱས་ཀྱང་སྒྲིབ་པ་དག་བྱེད་ཡིན། །མ་ཉེས་ཁ་ཡོག་ཚེ་ཡི་མཐུད་མར་ངེས། །དམ་པ་རྣམས་ཀྱིས་ལྐོག་ནས་ཡོན་ཏན་བརྗོད། །སྐྱེ་བོ་ཁྲེལ་མེད་ངོས་ནས་བསྟོད་པ་བྱེད། །དམ་པ་རྣམས་ཀྱིས་གྲགས་སྐམ་དོན་མི་གཉེར། །བླུན་པོ་རྣམས་ཀྱིས་ཟས་ནོར་དོན་དུ་གཉེར། །བྱང་ཆུབ་སེམས་དཔའ་གཞན་དོན་ལྷུར་ལེན་ཞིང་། །སོ་བྱང་སྔགས་ཀྱི་ལྟ་སྤྱོད་མཐའ་ཡས་ཀྱང་། །བསམ་པ་བཟང་པོ་ཡོད་ན་གནང་བཀག་དེ། །བྱང་ཆུབ་སེམས་དཔར་ཁས་ལེན་དཀའ་ན་ཡང་། །རྒྱལ་སྲས་སྤྱོད་པ་དག་ལ་འཇུག་ཁུར་གྱིས། །སུ་ལའང་སྨད་པར་མི་བྱ་དམ་བཅའ་ཡོད། །བྱེ་བྲག་ཉི་མ་གྲགས་པའི་ཆོས་ཚུལ་ལ། །དྭངས་ལེན་དགོན་པ་བརྒྱ་ཕྲག་ལྷག་ཙམ་ཡོད། །ལུང་དང་རིག་པའི་སྒོ་ནས་ཅི་བཀག་ཀྱང་། །དེ་རྣམས་གྲུབ་མཐའ་གཏན་ནས་བསྒྱུར་མི་ནུས། །མི་འགྱུར་རྡོ་རྗེས་དམ་སྲིའི་གྲལ་དུ་བཞག །དེ་ཡི་ཆོས་བདག་གཏེར་ཆོས་ཉམས་ལེན་ཅན། །ཀར་འབྲུག་གནས་ཟུར་ཡབ་སྲས་ཐམས་ཅད་ཀྱིས། །མགྲིན་གཅིག་དབྱངས་གཅིག་དེ་ལ་བཀག་པ་མཛད། །ལུང་དང་རིག་པ་གང་གིས་བསྒྲུབས་གྱུར་ཀྱང་། །བསྒྲུབ་པར་མི་ནུས་ཀུན་གྱིས་ཐོན་དུ་བལྟ། །དེ་ལ་ང་ཡིས་དགག་སྒྲུབ་བྱེད་དོན་མེད། །སྐུ་ཞབས་སི་ཏུ་ལྗགས་བསྙུན་ཐབས་བྲལ་ནས། །གཏེར་སྟོན་སུམ་བརྒྱ་ཙམ་བརྩིས་བྲིས་པའི་ནང་། །ཉི་གྲགས་སྐུ་ཞིག་བྲིས་པས་སེང་གྲགས་སོང་། །བྱད་ཁ་ཞི་ཕྱིར་རྟེན་འབྲེལ་བཅོས་ཀ་ཡིན། །ཉམས་ལེན་བྱེད་དགོས་གསུང་མཁན་སུ་ཡང་མེད། །ཐེ་ཚོམ་བྱེད་བཞིན་ཉམས་ལེན་བྱེད་མཁན་སུ། །སྔར་ནས་ཡབ་སྲས་དམ་པས་ཚར་བཅད་ཟིན། །སྒེས་སྣ་གཏེར་སྟོན་དང་པོ་གཏེར་སྟོན་ཡིན། །བར་ཆད་བྱུང་ནས་རྗེས་ནས་བཀག་པ་མཛད། །བདག་ནི་སྔ་འགྱུར་བཀའ་མ་གཙོར་བཟུང་ཞིང་། །གཏེར་སྟོན་མཆོག་གཉིས་གླིང་པ་བཅུ་གསུམ་དང་། །དྲི་མེད་སྡེ་ལྔ་ནུས་ལྡན་ཉེར་གཅིག་གི །གཏེར་ཆོས་རྣམས་ཀྱིས་ཟུར་རྒྱན་བྱེད་པ་དང་། །རང་ཡིད་ཆེས་ཕྱིར་རང་གཏེར་ཉམས་སུ་བླངས། །དེ་ལས་སྔ་རབས་བྱུང་དང་ད་ལྟར་བཞུགས། །སླད་ནས་འབྱོན་འགྱུར་གཏེར་སྟོན་ཐམས་ཅད་ལ། །དགག་སྒྲུབ་མི་བྱ་བཏང་སྙོམས་བཞག་པ་ལགས། །ཁྱད་པར་ཁྱེད་ཀྱི་གནས་ཚུལ་ཐམས་ཅད་ལ། །གཏེར་ཆོས་ཐོག་མར་གནང་བས་ལེགས་ཞེས་བརྗོད། །ཀརྨ་དགོན་ནས་རྩ་བའི་བླ་མ་རྗེའི། །དབང་གི་དོན་སོགས་བཀའ་འདྲི་མཛད་པ་ན། །སྙིགས་དུས་བཟང་ངན་གཏེར་སྟོན་ཤིན་ཏུ་མང་། །ཡང་ན་ལོང་ཐུག་བཀོལ་བཞིན་ཐམས་ཅད་ཞུ། །ཡང་ན་ཐམས་ཅད་བཏང་སྙོམས་བཞག་པ་ལེགས། །དེ་མིན་གཅིག་ཞུ་གཅིག་མི་ཞུ་བ་ནི། །ཆགས་སྡང་རྒྱུ་དང་དམ་སེལ་བྱེད་པའི་རྐྱེན། །བདག་གི་གནས་ཚུལ་བསམ་པ་དེ་འདྲ་ཡིན། །རྗེ་ཉིད་ཡེ་ཤེས་གཟིགས་པས་ཁྱབ་པར་ཞུ། །ཁྱེད་ལ་དམིགས་གསལ་མ་དད་སྨད་མ་མྱོང་། །དེ་ཕྱིན་རང་རེ་དཔོན་སློབ་མཇལ་འཕྲད་ཆེད། །གཏེར་སྟོན་རྣམས་ལ་ནང་ཁ་མེད་ཅེས་སྨད། །ཕྱོགས་རིས་ཅན་གྱིས་བསྟོད་སྨད་སྒྲོ་སྐུར་འབར། །སྙིགས་དུས་མི་ཡི་སྤྱོད་ཚུལ་ཡ་མ་བརླ། །ལྷག་པར་བདུད་དང་དམ་སྲིས་གཡོ་འཁྲུལ་གྱིས། །བསྟན་པའི་སེལ་དང་ས་ལམ་བར་ཆད་བྱེད། །དེ་བས་ཡིད་གཞུང་ཤིན་ཏུ་གཟབ་པར་གཅེས། །སྨིན་གྲོལ་གླིང་པ་སྨད་མི་ཡོད་སྐད་ཐོས། །འདི་ནི་སྔ་འགྱུར་བསྟན་པའི་གཞུང་ཤིང་ཡིན། །ཁུངས་བཙུན་རྒྱུད་མཐུན་ཡིན་པའི་ལུང་རིག་སྤྲོས། །སོ་ཟུར་གནུབ་གསུམ་རྒྱུད་ལྡན་ཡིན་ན་ནི། །དེ་ཡི་རྒྱུད་འཛིན་སྨིན་གླིང་རྒྱུད་དང་མཐུན། །དམ་གཙང་བྱམས་གསུམ་ལུང་དང་མཐུན་གྱུར་ན། །དེ་འབྲེལ་སྨིན་གླིང་རྒྱལ་བའི་ལུང་དང་མཐུན། །ཉང་གུར་གླིང་གསུམ་ཚད་ལྡན་ཡིན་གྱུར་ན། །དེ་འཛིན་སྨིན་གླིང་དངོས་སྟོབས་རིག་པས་གྲུབ། །ཁྱེད་ཀྱང་དེ་ལུགས་མཛད་ན་ཤིན་ཏུ་ལེགས། །ཀར་རྒྱུད་པ་ལའང་སྨིན་གླིང་ཤིན་ཏུ་འབྲེལ། །ཅི་ཕྱིར་ལྟ་བ་གྲུབ་མཐའ་ཤིན་ཏུ་མཐུན། །ལྷག་པར་ཞིག་པོ་གླིང་པའི་ཆོས་རྒྱུད་ཡིན། །གཞུང་གིས་བཀའ་བརྒྱུད་པ་ལ་མཐུ་དགོས་གསུངས། །གྲུབ་མཐའ་གཅིག་པས་མ་བྱས་ཡིག་ཚང་གསལ། །སྨིན་གླིང་གཏེར་སྲས་རིན་ཆེན་རྣམ་རྒྱལ་དེ། །ཚེ་དབང་ནོར་བུའི་རྩ་བའི་བླ་མ་ཡིན། །དེ་སོགས་ད་དུང་རྒྱུ་མཚན་མང་དུ་ཡོད། །གཏེར་སྟོན་ཡིན་ན་བསྟན་དང་འགྲོ་ཕན་དགོས། །བསྟན་གཞི་ལྷ་ཁང་བསྟན་རྩ་དགེ་འདུན་སོགས། །བཞེངས་པར་མཛད་ན་འགྲོ་བའི་དཔལ་དུ་འགྲུབ། །རིམ་གྲོ་མཛད་པ་ཤིན་ཏུ་ཐུགས་བསྐྱེད་བཟང་། །ནང་ལུགས་མཛད་ན་ངེད་རང་སྔར་བཞིན་ཡིན། །ཡུམ་སྲས་གྲྭ་འཁོར་དེ་དང་རྗེས་སུ་མཐུན། །དེ་ཕྱིར་དགེ་བའི་དགོངས་སྤྱོད་ཡོད་པར་འཚལ། །གཞན་ཡང་དེ་བས་འཕྲོས་པའི་གཏམ་ཚོགས་ནི། །ཀཿཐོག་རྡོ་རྗེ་གདན་ནི་སྨིན་གླིང་ལུགས། །པེའུ་ཟེ་ཆེན་གཉིས་ཀྱང་དེ་དང་མཐུན། །རྫོགས་ཆེན་དགོན་པ་ཕྱེད་ཀ་གྲགས་དང་། །ཕྱེད་ཀ་སྨིན་གླིང་བཤད་སྒྲུབ་ཁྱད་པར་འཕགས། །ཞེས་པའི་ཞུ་ཡིག་སེལ་མེད་དམ་རྫས་མཆོག །བློ་གཏད་གཅིག་ཆོག་སྨན་སྒྲུབ་རིན་པོ་ཆེ། །ལྷ་རེག་བཅས་པ་མཆོག་གྱུར་གླིང་པས་ཕུལ། །