The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Letter Sent from Derge Lhundrup Teng—Tibetan

English | བོད་ཡིག

༄༅། །ལུགས་གཉིས་ཀྱི་མདུན་ས་ཆེན་པོ་སྡེ་དགེ་ལྷུན་གྲུབ་སྟེང་ནས་ཕྱོགས་ཀྱི་མཁས་པ་རྣམས་ལ་སྤྲིང་བ་རྩོད་པའི་སྐབས་རྣམ་པར་དབྱེ་བའི་ཡི་གེ་ཡང་དག་རིགས་པའི་ཕོ་ཉ་ཞེས་བྱ་བ་བཞུགས་སོ།།

དུས་གསུམ་སྲས་བཅས་རྒྱལ་བའི་ཡེ་ཤེས་དཔལ། །ཐུབ་བསྟན་ཀུན་ནས་གསལ་བའི་ཉིན་མོར་བྱེད། །ཡོངས་རྫོགས་ལམ་སྟོན་འཇམ་དབྱངས་བླ་མ་ཡི། །དགེ་མཚན་མེ་ཏོག་ཆར་འབེབས་ཤིས་པ་སྩོལ། །འཁྲུལ་བྲལ་རྟེན་འབྱུང་ཟབ་མོའི་ལམ་བཟང་རང་དབང་སྟོན་པ་རྫོགས་སངས་རྒྱས། །ཟབ་རྒྱས་ཐེག་མཆོག་འགོག་ལམ་བདེན་པ་སྲིད་ཞི་ལས་སྐྱོབས་དམ་པའི་ཆོས། །རིག་གྲོལ་ཡོན་ཏན་ཀུན་ལྡན་འབྱུང་གནས་འཕགས་ཚོགས་དགེ་འདུན་སྒྲུབ་པའི་གྲོགས། །སླུ་མེད་སྐྱབས་གནས་ཚད་མ་གསུམ་ལ་བྱང་ཆེན་བར་དུ་སྐྱབས་སུ་མཆི། །རྒྱལ་བསྟན་ཀུན་གསལ་མཁའ་དབྱིངས་མཛེས་བྱེད་དུ། །ལུང་རིགས་འོད་ཟེར་སྟོང་གི་དྲ་བ་ཅན། །ཟབ་རྒྱས་ལམ་རིམ་བརྒྱུད་པའི་ཉི་ཟླ་ཟུང་། །བསྟར་དུ་བརྒྱུད་པ་དེ་ལ་བདག་ཕྱག་འཚལ། །སྔ་འགྱུར་སྡེ་གསུམ་ཀློང་དགུའི་འདུད་རྩིའི་བཅུད། །ངོམས་མེད་མྱོང་བའི་རྟོགས་པས་ཆེར་མྱོས་པ། །ཐེག་མཆོག་རིན་ཆེན་ཁུར་གྱིས་མི་ངལ་བའི། །མཁས་ཤིང་གྲུབ་པའི་ཁྱུ་མཆོག་དེ་དག་རྒྱལ། །གནས་ལྔ་རིག་པའི་ཆ་ཤས་ཡོངས་རྫོགས་ཤིང་། །སྤྲོས་བྲལ་རྟོགས་པའི་ལྷ་ལམ་མཐོན་པོ་རུ། །ལེགས་བཤད་བདུད་རྩིའི་འོད་ཅན་ས་སྐྱ་པའི། །རིང་ལུགས་བདེ་འབྱུང་རལ་བའི་རྒྱན་དུ་འཛིན། །མར་པའི་དགོངས་དོན་གཉུག་མའི་རང་ཞལ་ལ། །གནས་ཚུལ་མ་བཅོས་ཕྱག་རྒྱ་ཆེན་པོའི་དོན། །ཡོངས་རྫོགས་གྲུབ་ཐོབ་བརྒྱུད་པའི་ལམ་ཆེན་དེ། །དུས་གསུམ་རྒྱལ་བའི་བགྲོད་གཅིག་ཤུལ་དུ་བསྔགས། །ཐུན་མིན་བདེ་སྟོང་གཤིས་ལ་ལས་ཉོན་ཀུན། །སྟོང་བའི་དེ་ཉིད་རྟོགས་པའི་གསེར་འགྱུར་རྩིས། །ཟུང་འཇུག་དུས་ཀྱི་འཁོར་ལོ་མངོན་སུམ་དུ། །བསྐྲུན་མཛད་རྣལ་འབྱོར་རྡོ་རྗེ་རྒྱལ་གྱུར་ཅིག །དེ་དག་རྣམས་ཀྱི་ལེགས་པའི་ཆ་ཤས་ཀུན་ནས་མ་ཚང་མེད་འདུས་ཤིང་། །གནས་སྐབས་གདུལ་བྱའི་བྱིས་པའི་བློ་སྤྱན་ལེགས་བཤད་ཐུར་མས་རབ་གསལ་ནས། །ཀཱ་རི་ཀ་ནས་འདུས་པའི་བར་གྱི་མདོ་སྔགས་རྒྱ་མཚོའི་དགོངས་པའི་བཅུད། །ལེགས་བཤད་ནོར་བུའི་ཕྲེང་བར་བསྟར་བ་བློ་གསལ་ཡོངས་ཀྱི་མགུལ་བའི་རྒྱན། །རྨོངས་པའི་མུན་པ་སེལ་བའི་གཟི་འབར་ཞིང་། །ཕྱོགས་རིས་ཞེན་པའི་རིམས་ནད་དྲུངས་ནས་འབྱིན། །ལེགས་བཤད་འོད་དགུའི་གྲུ་ཆར་འབེབས་མཁས་པའི། །བློ་བཟང་གྲགས་སྙན་ཡིད་བཞིན་དབང་གི་རྒྱལ། །རལ་བའི་ཅོད་པན་དཔྲལ་བའི་མིག་གཅིག་པུ། ཁོང་གི་སྙིང་ལྟར་རྒྱལ་བསྟན་དྭངས་མ་རུ། །གཟུར་གནས་ས་གཞིར་རྣམ་དཔྱོད་ལྷུན་པོའི་སྤོར། །ལུང་རིགས་གངས་ཀྱི་རྡུལ་མང་བརྩེགས་པའི་རྩེར། །མང་ཐོས་ལུས་སྟོབས་ཡོངས་སུ་རྫོགས་པའི་གདོང་ལྔའི་དབང་བོའི་བུ་རྒྱུད་དང་། །ཐོས་དོན་རིགས་ཚུལ་རྣམ་བཞི་དཔྱོད་པའི་གཡུ་ཡི་རལ་བ་གཟེངས་མཐོ་ཞིང་། །སྒོམ་དོན་རྟོགས་པའི་ང་རོའི་དབྱངས་ཀྱིས་ལོག་རྟོག་ཝ་མོ་ཟིལ་གནོན་པའི། །ལུང་རིགས་སྤར་ཁྱིམ་རྣོན་པོའི་རྩེ་མོར་ཟློས་གར་རྩེ་བ་སུ་ཞིག་ཡོད། །ཐེག་བརྒྱད་བློ་ཡི་དྲི་མས་མ་གོས་ཤིང་། །འོག་མའི་རྟོགས་རིགས་ཆོ་ག་ཡོངས་རྫོགས་པའི། །ཡིད་དཔྱོད་ལས་འདས་སྐུ་གསུམ་ལྷུན་གྲུབ་ཞལ། །མདོ་སྔགས་ལམ་གྱི་སྐྱེལ་སོ་ཁོ་བོས་རྟོགས། །ཙོམ་འཇོག་སྟོང་ཧད་ཙམ་དང་གསལ་རིག་ཙམ། །སྔ་འགྱུར་རྒྱུད་སྡེ་པད་འབྱུང་བི་མ་ལའི། །དགོངས་དོན་ཀུན་མཁྱེན་ལུགས་སུ་དམ་བཅའ་བའི། །བྱིས་པའི་སྐྱེ་བོ་དེ་དག་བག་ཡོད་མཛོད། །གཟུར་གནས་བློ་ལ་རྣམ་དཔྱོད་རྩལ་རྫོགས་པའི། །མཁས་མང་དག་དང་མཐུན་མིན་འགའ་མཆིས་ཚེ། །ལྐོག་ཏུ་ཤུབ་བུའི་བཟླས་པ་མ་བྱེད་པར། །ཁོ་བོའི་མདུན་སར་རྒོལ་བ་མངོན་དུ་མཛོད། །ཆགས་དང་སྡང་བས་ཅི་བྱེད་རང་གཞན་འཕུང་། །གཟུར་གནས་ཞི་བར་འཇུག་པའི་སྒོ་གཅིག་པུ། །བཀའ་བསྟན་ཚད་མའི་མཁས་པ་དབང་བཞག་སྟེ། །ཤིང་རྟའི་ལམ་སྲོལ་གནམ་ཐིག་སུས་བརྒལ་ལྟ། །སྡེ་སྣོད་གསུམ་དང་རྒྱུད་སྡེ་རྣམ་བཞིའི་དོན། །ཡོངས་རྫོགས་སྣང་གསུམ་རྒྱུད་གསུམ་ལམ་སྲོལ་ལས། །ཤེས་བྱ་ཀུན་གསལ་མཐར་འཛིན་མིང་མེད་པའི། །འཁོར་འདས་དབྱེར་མེད་ཁོ་བོས་དམ་བཅའ་བྱེད། །མདོ་སྔགས་རྟོགས་རིགས་ཀུན་ལ་མི་ལྟོས་པའི། །ཡོད་མིན་མེད་མིན་ཅི་ཡང་མི་འཛིན་ཞེས། །དཔལ་ལྡན་ས་སྐྱའི་ལུགས་ལ་མངོན་སུམ་དུ། །བརྒལ་བཞིན་ས་སྐྱ་རློམ་རྣམས་བག་ཡོད་མཛོད། །རང་གི་ངོ་བོས་སྟོང་དང་རང་རང་གི །མཚན་ཉིད་འཛིན་པའི་ཆོས་གཉིས་མི་བྱེད་པར། །མངོན་སུམ་མེད་ཅེས་སྨྲ་བའི་གྲུབ་མཐའ་འགའ། །རྒྱང་འཕེན་ལས་ཀྱང་དམན་ན་ནང་པ་ཅི། །ལྷན་སྐྱེས་གཉུག་མའི་དཀྱིལ་འཁོར་རྟག་མཐའ་དང་། །ཐུབ་དགོངས་རང་བཞིན་མེད་པ་ཆད་པའི་མཐར། །ནན་གྱིས་སྒྲུབ་བཞིན་ཟླ་བའི་ལུགས་ཡིན་ཞེས། །འཛེམ་མེད་གཅེར་རྒྱུག་བྱེད་འདི་བཞད་གད་གནས། །དངོས་ལ་ཐོགས་བཅས་རྟག་པས་འབྲས་བསྐྱེད་དང་། །འབྲས་གནས་ཀུན་མཁྱེན་ས་སྐྱ་པའི། །བཞེད་པར་སྒྲུབ་འདི་ས་ཆེན་གོང་མ་ལྔའི། །ལེགས་བཤད་དཔང་དུ་བཙུགས་སྟེ་བརྟག་པར་མཛོད། །བླ་མས་གདམས་དོན་ཕྱི་ནང་ཐབས་མཁས་ལས། །རྨོངས་པའི་སྦུབས་རྒྱ་ངང་འགྲོལ་གཉུག་མའི་གཤིས། །འོད་གསལ་ཕྱག་རྒྱ་ཆེན་པོའི་ངོ་བོ་རུ། །མཁས་གྲུབ་ཀུན་གྱིས་དགོངས་པ་ཁོ་བས་འདོད། །བཅོས་དང་མ་བཅོས་ས་མཚམས་མ་ཟིན་པར། །རིག་ཚད་སྣང་ཚད་བཅོས་མར་ཁས་བླངས་ནས། །བྱིང་པོའི་སེམས་གནས་བཀའ་བརྒྱུད་རིང་ལུགས་སུ། །འཛེམ་མེད་སྨྲ་བའི་ཁ་འདི་བག་ཡོད་མཛོད། །ཕ་མའི་རྒྱུད་དོན་ཡོངས་རྫོགས་གདམས་པའི་མཐིལ། །ཡིད་བྱེད་དགོག་པའི་ལྟ་བ་ཤན་འབྱེད་ཕྱིར། །ཁོ་བོ་འདི་རུ་ལྷགས་པ་ཤེས་ཀྱིས་ལ། །རྣམ་དཔྱོད་ལྡན་རྣམས་འབེལ་བའི་གཏམ་མཛོད་ཅིག །རང་སེམས་གཤིས་ལ་ལས་ཉོན་གཞན་སྟོང་མོད། །གཅིག་ལ་གཅིག་གིས་སྟོང་དང་མི་མཚུངས་ཞེས། །གཤེགས་སྙིང་མདོ་ཡིས་དགོངས་དོན་སྒྲས་ཟིན་གཉིས། །དཔང་དུ་བཙུགས་ཏེ་ཁོ་བོས་དམ་བཅའ་བྱེད། །ས་དགེ་སྔ་མའི་ཟེར་ཟློས་མ་ཡིན་ཞིང་། །གོང་མའི་རིགས་པས་འོག་མར་གནོད་བྱེད་འགའ། །མཆིས་ན་རྩུབ་མོའི་ཚིག་དང་མ་སྤྲོས་པར། །ལུང་རིགས་ཕྲེང་བ་སྤེལ་དང་ཡི་རངས་བྱེད། །ཤིང་རྟའི་ལམ་སྲོལ་དྲང་ཐིག་ལས་བརྒལ་བའི། །མུ་ཅོར་སྨྲ་བའི་སྤོབས་པ་གཟེངས་མཐོ་བ། །རང་ཕྱོགས་སྒྲུབ་དང་གཞན་ཕྱོགས་སུན་འབྱིན་པའི། །དགག་སྒྲུབ་བརྡའ་ལ་ཅུང་ཟད་མ་བྱང་ཞིང་། །རྒྱན་དྲུག་རིགས་པའི་གཞུང་ལ་མི་བརྟེན་པ། །བརྒྱུད་པའི་བཤད་སྲོལ་འདི་ཡིན་གཏོད་མེད་པའི། །རང་གི་བློ་ཡིས་ཤིང་རྟ་ཆེན་པོ་བཞིན། །གཞུང་ལུགས་འཆད་པ་ཡི་རངས་གནས་ཡིན་ཀྱང་། །རང་རང་བློ་ཡི་གནས་ཚུལ་མི་རྟོགས་པར། །ཀུན་ཀྱང་རང་སྟོབས་འཆད་པ་ཆེས་མང་ན། །ཤིང་རྟའི་ལམ་སྲོལ་གཉིས་ཀྱིས་ཅི་བྱེད་ཅེས། །མཁས་པ་རྣམས་ཀྱིས་བརྟགས་ཤིང་དཔྱོད་པར་མཛོད། །གསང་སྔགས་ལམ་གྱི་མཐར་ཐུག་རྫོགས་པ་ཆེ། །བླ་མེད་སྙིང་བོ་ཕྱག་རྒྱ་ཆེན་པོའི་དོན། །འཁོར་འདས་དབྱེར་མེད་གསལ་སྟོང་འཛིན་མེད་ལམ། །ཟབ་ལམ་རྡོ་རྗེ་རྣལ་འབྱོར་མཐར་ཐུག་རྣམས། །ཟབ་མོའི་ལྟ་དང་གསང་ཆེན་རྡོ་རྗེ་ཐེག །ཟུང་འབྲེལ་འཇམ་མགོན་རྒྱུད་པའི་བཀའ་ཡི་མཐིལ། །བདེ་སྟོང་དབྱེར་མེད་ངོ་བོ་རོ་གཅིག་ཅེས། །ཁོ་བོའི་དམ་བཅའ་རྡོ་རྗེའི་རི་མོ་བྱེད། །ཚུལ་འདི་བརྒལ་འདོད་མང་ཐོས་གངས་རིའི་སྤོར། །བསོད་ནམས་རལ་བ་བསིགས་པའི་སེང་གེས་ཀྱང་། །འཕྲོག་བྱེད་རྐང་བ་བརྒྱད་པའི་མཆེ་སྡེར་ལ། །བག་ཡོད་བྱས་བཞིན་ད་དུང་བག་ཡོད་ཀྱིས། །མཁས་པའི་བཞེད་པའི་གཞུང་ལུགས་གང་གི་དོན། །མིན་ཞེས་ཁོ་བོ་ཕྱོགས་གཅིག་མི་འཆད་ཀྱང་། །དཔལ་ལྡན་ཟླ་བའི་འགྲེལ་ཆེན་རྣམ་གསུམ་གྱི། །བཞེད་ཕུག་འདི་ལྟར་མིན་ཞེས་དམ་བཅའ་བརྟན། །མཐའ་དྲུག་ཚུལ་བཞིའི་རྒྱས་བཏབ་རྒྱུད་སྡེའི་མཚོར། །བཤད་སྒྲུབ་མན་ངག་རྒྱ་མཚོའི་སྲུབ་ཤིང་གིས། །བསྲུབས་པའི་སྙིང་བོ་ལེགས་བཤད་ཉིན་མོར་བྱེད། །ཐུབ་བསྟན་ནམ་མཁའི་རྒྱན་དུ་གྲགས་ཤིང་གྲུབ། །དེ་ལྟ་ནའང་རྟོགས་གེའི་དྲི་བཞོན་གྱིས། །གཞུང་ལུགས་ཆུ་འཛིན་ཡོལ་བའི་བླ་བྲེ་ལས། །སྒྲིབ་འདོད་ཚིག་གི་སྟེགས་བུ་ལ་འཛེག་པའི། །བྱིས་པའི་རྣམ་ཐར་མངོན་པ་སྒྱུ་མ་བཞིན། །སྒྱུ་མའི་སེང་གེ་སྒྱུ་མའི་གླང་བོ་བཞིན། །སྒྱུ་མའི་སྤུན་ཟླར་གྱུར་བའི་བྲག་ཆ་འགའ། །སྒྱུ་མར་བྱེད་ལ་ཁོ་བོ་སྤྲོ་བ་འཕེལ། །སྒྱུ་མའི་རྣམ་ཐར་འདོད་རྣམས་འདི་ལ་གཟིགས། ། ཞེས་ཚིགས་སུ་བཅད་པའི་སྣ་དྲངས་ཏེ་ཡངས་པའི་ས་ཆེན་པོ་ལ་སྤྱོད་པའི་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་རྣམས་ལ་ཞུ་བར་བྱ་བ་ནི། བོད་གངས་ཅན་གྱི་ལྗོངས་འདིར་རྒྱལ་བསྟན་རིན་པོ་ཆེ་མཐའ་དག་དགོངས་པ་འགལ་མེད་དུ་གྲགས་ཤིང་གྲུབ་པ་ལྟར། ཁོ་བོས་ཀྱང་ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་དུ་མའི་བཀའ་དྲིན་ལས་གསང་སྔགས་གསར་རྙིང་གི་སྨིན་གྲོལ་གྱི་གདམས་པ་དུ་མས་འཚོས་ཤིང་། དེ་ཡང་ཇི་སྐད་དུ་ལྷ་ལས་ཕུལ་བྱུང་གི་བསྟོད་པ་ལས། བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང་། །གང་ཞིག་རིག་པ་ལྡན་པའི་ཚིག །དེ་ཉིད་སྟོན་པར་ཡོངས་སུ་འཛིན། །ཞེས་གསུངས་པ་ལྟར། གཟུར་གནས་ཀྱི་བློས་གཞལ་བྱའི་གནས་གསུམ་ལ། མངོན་རྗེས་ཚད་མ་གསུམ་གྱིས་ལེགས་པར་བརྟགས་པའི་གྲུབ་དོན་རྒྱལ་བསྟན་ཐམས་ཅད་ཕྱོགས་དང་རིས་སུ་མ་ཆད་པར་ཀུན་མཁྱེན་སྒྲུབ་པའི་ཐབས་སུ་རོ་གཅིག་རྟོགས་ཤིང་གཞུང་གི་བཤད་སྲོལ་ལ་སྔ་ཕྱིའི་ཚིག་ཟིན་མཐུན་མིན་ཅི་རིགས་པ་སྣང་བ་ཐམས་ཅད་ཀྱང་སྤྱོད་ཚུལ་གྱི་རྣམ་གྲངས་མི་འདྲ་བ་ཙམ་ལས་དོན་གྱིས་འབབ་སོ་གཅིག་ཏུ་འདུག་སྙམ་པའི་དད་པས་དྲངས་པའི་བསྟན་འཛིན་གྱི་སྐྱེས་བུ་ལེགས་བཤད་དང་བཅས་པ་ལ་ཤིན་ཏུ་གུས་པ་ལགས་མོད། དེང་སང་རྒྱལ་བསྟན་རིན་པོ་ཆེ་རིས་སུ་གཅོད་པ་ཆེས་མང་ཞིང་། ཁྱད་པར་དུ་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་བསྟན་པ་རིན་ཆེན་ལ་དགག་པའི་འཁུར་ལེན་པ་མང་བའི་རྐྱེན་གྱིས་རང་ལ་ལེགས་བཤད་ཀྱི་རེ་ལྟོས་འཆའ་བའི་ལུང་རིགས་སྨྲ་བ་གཉུག་མར་གནས་པ་དང་། གློ་བུར་དུ་ལྷགས་པ་དུ་མའི་གསུང་ནན་ཆེན་མོས་ཡང་ནས་ཡང་དུ། དེང་སང་རྒྱལ་བསྟན་རིན་པོ་ཆེ་ཉམས་དམའ་ཞིང་འཆད་རྩོད་རྩོམ་གསུམ་གྱི་མིང་ཙམ་ཡང་བྲལ་བར་གྱུར་ལ། ཁྱད་པར་དུ་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་པ་ཆེན་པོའི་གཞུང་ལུགས་རྣམས་ནི་ཉེས་བཤད་ཁོ་ནར་འདུག་པའི་གཏམ་གོ་ཤཱཀྱ་སྟག་གསུམ་གྱི་དགག་ཡིག་ལྟར་དུ་ངེས་དོན་ལ་གནས་ཤིང་། ཁྱད་པར་དུ་གསང་སྔགས་ཀྱི་སྐོར་ལ་ལན་གྱི་རྣམ་པ་ཙམ་ཡང་མ་བྱུང་ཞིང་། མདོ་ལུགས་བརྒལ་ལན་སྔ་ཕྱི་རྣམས་ཀྱང་གཅིག་ཉེས་གཉིས་ཉེས་རྣམ་གྲངས་ཙམ་ལས་དོན་ལ་འབྱོར་བ་གཅིག་ཀྱང་མེད་ཅེས་ཕྱོགས་འདིའི་མཁས་པ་རྣམས་ཀྱིས་དྲིལ་བསྒྲགས་ཀྱིན་ཡོད་པ་ལ་ལན་ཐོབ་ཅིག་ཅེས་བསྐུལ་མ་རྣ་བ་ཚ་བར་བྱས་པའི་རྐྱེན་གྱིས་དམ་པའི་ཆོས་འདུལ་བ་ནས་བཤད་པ་ལྟར་རྩོད་པའི་སྐབས་རྣམ་པར་དབྱེ་བའི་ཞུ་ཡིག་འདི་སྤྲིང་བ་ཡིན་པས། གཟུ་བོར་གནས་པའི་མཁས་པ་བསྟན་པ་ལ་དག་ཐེར་བྱེད་འདོད་པས། འཇམ་མགོན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་པ་ཆེན་པོའི་ལེགས་བཤད་ལ་དགག་པ་བྱེད་འདོད་ཀྱི་རྒོལ་བ་ཡོད་ཚེ་ཁོ་བོ་ལ་མངོན་དུ་མཛོད་ཅིག་ཅེས ༧ འཇམ་དཔལ་རོལ་བའི་བློ་གྲོས་ཀྱིས་ཕྱོགས་ཀུན་ཏུ་སྤྲིང་བའོ། །བཀྲ་ཤིས།

ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས།

ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept