The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

The Jewelled Garland—Tibetan

English | བོད་ཡིག

༄༅། །སྔ་འགྱུར་བསྟན་པའི་བདག་པོ་ཀུན་མཁྱེན་ཡབ་སྲས་ཀྱི་བསྟན་པ་རྒྱས་པའི་སྨོན་ཚིག་ནོར་བུའི་ཕྲེང་བ།

 

ཨོཾ་བདེ་ལེགས་སུ་གྱུར་ཅིག

 

བརྒྱུད་གསུམ་རིག་འཛིན་དཔལ་ལྡན་བླ་མ་དང་། །

ཡིད་དམ་ཞི་ཁྲོ་རྒྱལ་བ་སྲས་དང་བཅས། །

དཔའ་བོ་མཁའ་འགྲོ་བསྟན་སྲུང་རྒྱ་མཚོའི་ཚོགས། །

བདག་ལ་བརྩེར་དགོངས་སྨོན་པའི་དཔང་པོ་མཛོད། །

 

མ་ལུས་སྐྱེ་དགུ་ཕན་བདེའི་སྲོག་གི་གསོས། །

དུས་གསུམ་སྲས་བཅས་རྒྱལ་བའི་ཐུགས་ཀྱི་བཅུད། །

ཡོངས་རྫོགས་ཐུབ་བསྟན་མངའ་བདག་ཀློང་ཆེན་པ། །

དྲི་མེད་ཐུགས་བཟང་དར་ཞིང་རྒྱས་གྱུར་ཅིག །

 

ཆོས་ཉིད་འོད་གསལ་ཞིང་ཁམས་ལྷ་ཡི་ལམ། །

རང་བཞིན་གློ་བུར་དྲི་མས་རབ་བཏང་ཞིང་། །

ཕྲིན་ལས་གོ་སྐབས་མུ་མཐའ་མེད་པའི་ཁྱོན། །

ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

 

རྨད་བྱུང་ལྷུན་གྲུབ་སྟུག་པོ་བཀོད་པའི་རྒྱན། །

ཕྱོགས་དུས་རབ་འབྱམས་དཀྱིལ་འཁོར་ཀུན་གྱི་བདག །

སར་གནས་དཔའ་བོ་འབུམ་གྱི་ཉེར་འཚོའི་གཞི། །

ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

 

དག་དང་མ་དག་འགྲོ་བའི་བསམ་པ་བཞིན། །

གང་འདུལ་སྒྱུ་འཕྲུལ་དྲྭ་བའི་འཇོ་སྒེག་གིས། །

སྐལ་བཟང་ཡིད་ཀྱི་བརྟན་པ་འཕྲོག་བྱེད་པའི། །

ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

 

མང་ཐོས་རྣམ་པར་འབྱེད་པའི་རྟ་ལྗང་གིས། །

ལེགས་དྲངས་བསམ་པའི་རིན་ཆེན་མེ་ཤེལ་ཁམས། །

བསྒོམ་པའི་འོད་གསལ་སྣང་བ་རབ་འབར་བའི། །

ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

 

བརྟན་མཁས་ཉིན་མོར་བྱེད་པའི་འོད་སྣང་གིས། །

ཡང་དག་ཁྲིམས་ཀྱི་འདབ་སྟོང་ཆེར་བཞད་པའི། །

ཕན་བདེའི་སྦྲང་རྩི་གསར་པའི་སྙིང་པོ་ཅན། །

ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

 

གྱ་གྱུའི་རྣམ་རྟོག་རླུང་གིས་མི་ཕྱེད་ཅིང་། །

ཤིན་སྦྱངས་བདེ་བའི་རིན་ཆེན་ལས་གྲུབ་པ། །

གང་འདུལ་དགེ་ལ་བཀོལ་བའི་ཁོར་ཡུག་ཅན། །

ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

 

ཐུབ་བསྟན་ནམ་མཁའི་རྒྱན་གྱུར་འཆད་པའི་སྤྲིན། །

ཡང་དག་རིགས་པའི་གློག་གིས་རབ་འཁྱུད་ཅིང་། །

སྙན་འགྱུར་རྩོམ་པའི་དབྱངས་རྔ་འབུམ་ལྡིར་བ། །

ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

 

འགྲན་བྲལ་མཁྱེན་རབ་ས་སྲུང་དཀར་པོའི་སྟེང་། །

ཤེས་བྱ་ཀུན་མཁྱེན་སྤྱན་སྟོང་རྣམ་བཀྲ་ཞིང་། །

རྩོལ་མེད་ཨ་ཏི་རྡོ་རྗེའི་མཚོན་ཆ་ཅན། །

ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

 

རང་བཞིན་བརྒྱད་ལྡན་གངས་ཀྱི་རི་སུལ་ལས། །

འོང་བའི་སྨིན་བྱེད་ཉལ་འགྲོའི་རྒྱུན་བཟང་གིས། །

མ་དག་ཉེས་པའི་དྲི་འཁྲུད་ཆོ་ག་མཁན། །

ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

 

ལྟར་སྣང་བཅོས་མའི་བློ་ཙམ་མ་ཡིན་པར། །

སྣོད་བཅུད་དག་པ་དབྱིངས་ཀྱི་དཀྱིལ་འཁོར་དུ། །

མངོན་སུམ་སྟོན་པའི་བྱེད་པོ་ཟླ་བྲལ་བ། །

ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

 

རླུང་སེམས་བཙོན་དུ་འཇུག་པའི་རྩོལ་སྒྲུབ་ཀྱིས། །

དགའ་བཞི་མངོན་དུ་བྱེད་པའི་ངལ་དུབ་ལས། །

མ་ཡིན་འོད་གསལ་ཇི་བཞིན་སྣང་བྱེད་པའི། །

ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

 

ཡིད་དཔྱོད་རྟོག་གེ་རིགས་པའི་ཆ་བཞག་དང་། །

ཕྱེད་བཅིང་རླུང་གི་རང་གདངས་སྤྲོས་པའི་མཐའ། །

ཉེར་ཞི་གདོད་ནས་ཀ་དག་གཏིང་གསལ་དབྱིངས། །

ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

 

སྟོང་པའི་རང་བཞིན་འགགས་མེད་ལྷུན་གྲུབ་དོན། །

མེད་དང་གཅིག་པུ་ཕྱལ་བ་ཆན་པོ་རུ། །

ད་ལྟའི་ཤེས་པར་རྫོགས་པའི་རྨད་བྱུང་ལུགས། །

ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

 

ཤེས་རིག་ཟང་ཐལ་གཉུག་མ་མ་བཅོས་དང་། །

གདོད་ནས་སྤྲོས་བྲལ་རིག་གདངས་འཇའ་ཟེར་སྦུབས། །

ས་ལམ་གཅིག་ཆར་རྫོགས་པའི་མྱུར་ལམ་རྨད། །

ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

 

འཁོར་འདས་མཉམ་ཉིད་རང་རིག་བདེ་ཆེན་རྩལ། །

མཐའ་ཀླས་འགྲོ་ལ་བྱམས་བརྩེའི་རང་བཞིན་དུ། །

འོད་དང་འོད་ཟེར་ཇི་བཞིན་འབྲལ་མེད་པའི། །

ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

 

ཕྱོགས་རེར་མ་གྱུར་མདོ་སྔགས་གཞུང་ལུགས་བརྒྱ། །

ཐོས་བསམ་སྒོམ་པའི་རིན་ཆེན་སྲད་བུ་ལ། །

བསྟར་དུ་བགྱིས་པ་བློ་གསལ་མགུལ་བའི་རྒྱན། །

ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

 

བླུན་སྒོམ་ཐུན་གསུམ་སྨག་རུམ་མུན་པའི་གཤེད། །

རྟོག་གེ་རྒྱུ་སྐར་ཕྲེང་བ་ཟིལ་གནོན་པའི། །

ལུང་རྟོགས་ཆ་ཤས་རྫོགས་པའི་འོད་དཀར་ཅན། །

ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

 

མཁས་པའི་ངང་ཚུལ་ནམ་མཁའི་ཁྱོན་ལྟར་ཡངས། །

བཙུན་པའི་བརྟུལ་ཞུགས་འཕགས་པའི་གནས་བརྟན་བཞིན། །

བཟང་པོའི་མཛད་པ་བརྩེ་བའི་གཏེར་ཆེན་གྲོགས། །

ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

 

མདོ་རྒྱུད་སེམས་སྡེ་ལེགས་བཤད་ནོར་བུའི་དཔྱ། །

རྨད་བྱུང་ལུང་དང་རིགས་པས་བྱི་དོར་གྱིས། །

སྲིད་ཞིའི་རྒྱལ་མཚན་རྩེ་མོར་འགོད་མཛད་པའི། །

ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

 

མཆོག་གསུམ་བསླུ་མེད་བདེན་པའི་བྱིན་རླབས་དང་། །

བསྟན་སྲུང་དམ་ཅན་རྒྱ་མཚོའི་མཐུ་སྟོབས་ནུས། །

ཁྱད་པར་བདག་གི་ལྷག་བསམ་དག་པའི་མཐུས། །

སྨོན་དོན་བདེ་བླག་ཉིད་དུ་འགྲུབ་གྱུར་ཅིག །

 

ཅེས་པ་འཕགས་བོད་ཀྱི་མཁས་དང་གྲུབ་པ་མ་ལུས་པའི་རྣམ་པར་ཐར་པ་གཅིག་ཏུ་བདག་གིར་བཞེས་པའི་ཀུན་མཁྱེན་ཆེན་པོ་ངག་གི་དབང་པོའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་སྨོན་ཚིག་ནོར་བུའི་ཕྲེང་བ་ཞེས་བྱ་བ་འདི་ཡང་ཀུན་མཁྱེན་མཆོག་གི་བསྟན་འཛིན་དམ་པ་སྤྲུལ་པའི་སྐུ་འགྲོ་འདུལ་རྣམ་རྒྱལ་རྡོ་རྗེ་རིན་པོ་ཆེས་བསྐུལ་བ་དང་། དབུ་མཛད་པ་འཇམ་དབྱངས་ཆོས་འཕེལ་གྱིས་ཀྱང་མཚམས་སྦྱར་བ་ལ་བརྟེན་ནས་གྲུབ་མཐའ་རབ་འབྱམས་སྨྲ་བའི་སྔགས་བཙུན་འཇམ་དཔལ་རོལ་བའི་བློ་གྲོས་སམ་མིང་གཞན་མཁའ་ཀློང་ཡངས་པ་རྩལ་དུ་འབོད་པས་སྦྱར་བའི་ཡི་གེ་པ་ནི་དགེ་ཚུལ་ཐུབ་བསྟན་ཟླ་བཟང་གིས་བགྱིས་པ་དགེ་ལེགས་འཕེལ།། །།

 

ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས།

Longchen Rabjam Drimé Özer

Further information:

BDRC Author Profiles: P3546 P1583

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept