Rigdzin Düpa Lineage Prayer—Tibetan
༄༅། །ཀློང་སྙིང་རིག་འཛིན་འདུས་པའི་བརྒྱུད་འདེབས་ནོར་བུའི་དོ་ཤལ་བཞུགས།
གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་། །
ལོངས་སྤྱོད་རྫོགས་སྐུ་དགའ་རབ་རྡོ་རྗེ་དང་། །
སྤྲུལ་པའི་སྐུ་མཆོག་པདྨ་འབྱུང་གནས་ལ། །
གསོལ་བ་འདེབས་སོ་བྱིན་རླབས་དབང་མཆོག་སྩོལ། །
རྒྱ་གར་འཕགས་ཡུལ་སྒྲུབ་སྡེ་བཀའ་བརྒྱད་ཀྱི། །
དངོས་གྲུབ་མཆོག་བརྙེས་ཡེ་ཤེས་ཀློང་དགུ་ཡི། །
ལྟ་བ་མངོན་གྱུར་མཆོག་གི་རིག་འཛིན་བརྒྱད། །
གསོལ་བ་འདེབས་སོ་བྱིན་རླབས་དབང་མཆོག་སྩོལ། །
གངས་ཅན་བོད་ཡུལ་མཚོ་སྐྱེས་རྡོ་རྗེ་ཡིས། །
སྨིན་གྲོལ་ཟབ་མོས་རྗེས་བཟུང་ཐུགས་ཀྱི་སྲས། །
གྲུབ་པའི་དབང་ཕྱུག་རྗེ་འབངས་ཉེར་ལྔ་ལ། །
གསོལ་བ་འདེབས་སོ་བྱིན་རླབས་དབང་མཆོག་སྩོལ། །
དཀྱིལ་འཁོར་སྒོ་བཞི་སྲུང་མཛད་ཡབ་ཡུམ་དང་། །
རྩ་གསུམ་དཔའ་བོ་མཁའ་འགྲོ་རབ་འབྱམས་ཚོགས། །
ཡེ་ཤེས་ལས་གྲུབ་དམ་ཅན་རྒྱ་མཚོ་ལ། །
གསོལ་བ་འདེབས་སོ་བྱིན་རླབས་དབང་མཆོག་སྩོལ། །
ཟབ་གཏེར་མངའ་བདག་རིག་འཛིན་འཇིགས་མེད་གླིང་། །
སྨིན་གྲོལ་བཀའ་བབས་རིག་འཛིན་བརྒྱུད་པ་དང་། །
ཁྱབ་བདག་དྲིན་ཆེན་རྩ་བའི་བླ་མ་ལ། །
གསོལ་བ་འདེབས་སོ་བྱིན་རླབས་དབང་མཆོག་སྩོལ། །
ཀ་དག་གཞི་ཡི་ལྟ་བ་མངོན་དུ་གྱུར། །
ལྷུན་གྲུབ་སྣང་བཞིའི་ལམ་གྱི་རྩལ་ཆེན་རྫོགས། །
དབྱིངས་རིག་དབྱེར་མེད་འབྲས་བུ་མཐར་ཕྱིན་ནས། །
དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །
ཞེས་པའང་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་བཟང་རང་གྲོལ་གྱི་ཐུགས་བཞེད་ལྟར་བརྒྱུད་འདེབས་བསྡུས་པ་འདི་མེ་སྤྲེལ་ལོ་དབོ་ཟླའི་ཚེས་བཅུའི་ཉིན་འགྱུར་མེད་རྡོ་རྗེ་པས་བྲིས་པ་དགེའོ། །