Longchen Nyingtik Phowa Compilation—Tibetan
༄༅། །ཀློང་ཆེན་སྙིང་གི་ཐིག་ལེ་ལས༔ འཕོ་བ་མ་བསྒོམས་སངས་རྒྱས་རྒྱུན་གྱི་ཉམས་ལེན་གཏེར་གཞུང་གི་དགོངས་པ་འཁྲུལ་མེད་ཁྲིགས་སུ་བསྡེབས་པ།
ཀློང་ཆེན་སྙིང་གི་ཐིག་ལེ་ལས༔ འཕོ་བ་མ་བསྒོམས་སངས་རྒྱས་རྒྱུན་གྱི་ཉམས་ལེན་གཏེར་གཞུང་གི་དགོངས་པ་འཁྲུལ་མེད་ཁྲིགས་སུ་བསྡེབས་པ་ལ། སྔོན་འགྲོ་རྒྱས་བསྡུས་སྐབས་བསྟུན་བླ་མའི་རྣལ་འབྱོར་གྱི་མཐར་ལྡང་བའི་རྣལ་འབྱོར་སླར་གནས་འགྱུར་ཚིག་གི་གསལ་གདབ་པ་ནི།
རང་ཉིད་གཞི་ལུས་རྡོ་རྗེ་རྣལ་འབྱོར་མ༔
སྐབས་འདི་ཅུང་ཟད་ཁྲོ་ཉམས་ཅན་མཆན།
ཞལ་གཅིག་ཕྱག་གཉིས་དམར་གསལ་གྲི་ཐོད་འཛིན༔
ཞབས་གཉིས་འདོར་སྟབས་སྤྱན་གསུམ་ནམ་མཁར་གཟིགས༔
དེ་ཡི་ཁོང་དབུས་རྩ་དབུ་མ༔
སྦོམ་ཕྲ་མདའ་སྨྱུག་ཙམ་པ་ལ༔
སྟོང་སངས་འོད་ཀྱི་སྦུ་གུ་ཅན༔
ཡར་སྣ་ཚངས་བུག་གནས་སུ་ཧར༔
མར་སྣ་ལྟེ་བར་ཟུག་པ་ཡི༔
སྙིང་ཁ་ཚིགས་ཀྱིས་བཅད་པའི་སྟེང་༔
རླུང་གི་ཐིག་ལེ་ལྗང་སྐྱའི་དབུས༔
རིག་པ་ཧྲཱིཿཡིག་དམར་པོར་གསལཿ
སྤྱི་བོར་ཁྲུ་གང་ཙམ་གྱི་སྟེང་༔
སངས་རྒྱས་སྣང་བ་མཐའ་ཡས་ནི༔
མཚན་དཔེ་རྫོགས་པའི་ཕུང་པོར་གསལ༔
ཞེས་སྙིང་ཁུང་རུས་པའི་གཏིང་ནས་སྤྱི་བོའི་བླ་མ་འོད་དཔག་མེད་ལ་དད་རྩེ་གཅིག་གིས༔
བདག་ནམ་འཆི་བའི་ཚེ་ནུབ་ཕྱོགས་བདེ་བ་ཅན་དུ་འགྲོའོ་སྙམ་པའི་དགའ་བྲོད་བྲེལ་ལང་བ་ལྟ་བུའི་འདུན་པ་དང་བཅས།
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡུལ་བྲལ་ཤིན་ཏུ་རྣམ་པར་དག་པ་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །
མཆོད་དོ་སྐྱབས་སུ་མཆིའོ། །
ཞེས་ལན་ཅི་མང་དང་། སྤྲོའི་ནུས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཚན་གཞན་རྗོད་མཐར།
ཨེ་མ་ཧོ༔
གནས་རང་སྣང་དོན་གྱི་འོག་མིན་ན༔
ཡིད་དད་བརྒྱའི་འཇའ་གུར་འཁྲིགས་པའི་ཀློང་༔
སྐྱབས་ཀུན་འདུས་རྩ་བའི་བླ་མ་ནི༔
སྐུ་ཐ་མལ་མ་ཡིན་དྭངས་མའི་ལུས༔
དཔལ་སངས་རྒྱས་སྣང་མཐའི་ངོ་བོར་བཞུགས༔
ཡིད་མོས་གུས་གདུང་བས་གསོལ་བ་འདེབས༔
ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས༔
གནས་འོག་མིན་བསྒྲོད་པར་བྱིན་གྱིས་རློབས༔
དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག ༔
ཞེས་ལན་གསུམ་བརྗོད་མཐར་ཧྲཱིཿའཚང་ཕུག་གཅིག་རྐན་ཕུག་ནས་བརྗོད་པ་དང་ཆབ་གཅིག་སྙིང་གི་ཧྲཱིཿཞིག་ཇེ་མཐོར་སོང་སྟེ་སྤྱི་བོར་སླེབ་པ་དང་ཕཊ༔ཅེས་དྲག་ཏུ་བརྗོད་པས་འོད་དཔག་མེད་ཀྱི་ཐུགས་ཀར་བསྟིམ།
སྤར་སྔར་ལྟར་དམིགས་སྔར་བཅས་བདུན་ནས་ཉེར་གཅིག་སོགས་ཡང་ཡང་སྦྱངས།
མཐར་སྐུ་ལྔའི་དབྱིངས་སུ་རྒྱས་གདབ་པའི་ཆེད། ཕཊ༔ ལྔ་ཕྲུགས་སུ་བརྗོད་ཅིང་གནས་ལུགས་སྤྲོས་བྲལ་ངང་དུ་ཅུང་ཟད་མཉམ་པར་བཞག་གོ །
སྔོན་ཀུན་བཟང་བླ་མའི་ཞལ་ལུང་ལྟར་འཕོ་ལུང་གཞན་རྣམས་བྱ།
སྤྲོ་ཞིང་ནུས་ན་གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཚན།
སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ༔
ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔
དྲིན་ཆེན་རྩ་བའི་བླ་མས་ཐུགས་རྗེས་ཟུངས༔
རྩ་བར་བརྒྱུད་པའི་བླ་མས་ལམ་སྣ་དྲོངས༔
ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས༔
མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས༔
བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག༔
བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས༔
ཨེ་མ་ཧོ༔ ཤིན་ཏུ་ངོ་མཚར་འོད་དཔག་མེད་མགོན་དང་༔
ཐུགས་རྗེ་ཆེན་པོ་ཕྱག་རྡོར་མཐུ་ཆེན་ཐོབ༔
བདག་སོགས་རྩེ་གཅིག་ཡིད་ཀྱིས་གསོལ་བ་འདེབས༔
ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔
བདག་སོགས་ནམ་ཞིག་འཆི་བའི་དུས་བྱུང་ཚེ༔
རྣམ་ཤེས་བདེ་ཆེན་འཕོ་བར་བྱིན་གྱིས་རློབས༔
ཧིཀ །
བདེ་བ་ཅན་དུ་བྱང་ཆུབ་སེམས་བློ་གྲོས་སྙིང་། །
ཁ་བ་ཅན་དུ་ཆོས་རྗེ་ཀཿདམ་པ། །
རྨད་བྱུང་བདེ་བཤེགས་ཚེ་དཔག་མེད་མགོན་ཞེས། །
གྲགས་པའི་རྩ་བརྒྱུད་བླ་མཪ་གསོལ་བ་འདེབས། །
བདེ་བ་ཅན་དུ་སྐྱེས་བར་བྱིན་གྱིས་རློབས། །
ཧིཀ།
གཞུང་ལས།
དེ་ལྟར་ཡང་ཡང་འབད་པ་ཡིས༔
འབྱོངས་རྟགས་ཚངས་བུག་འབར་པ་དང་༔
མགོ་ན་ཆུ་སེར་ཟིལ་པ་ཕྲུམ༔
འཇག་མ་འདལ་གྱིས་ཚུགས་སོགས་འབྱུང་༔
ཞེས་རྟགས་ཐོན་པར་སྦྱངས།
ཐུན་མཐར་སྤྱི་བོའི་བརྒྱུད་པའི་བླ་མ་རྣམས་འོད་དཔག་མེད་ལ་ཐིམ།
འོད་དཔག་མེད་འོད་ཀྱི་རྣམ་པས་རང་ལ་ཐིམ་པའི་རྐྱེན་གྱིས་རང་སྐད་ཅིག་གི་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་གསལ་བའི་ཐུགས་ཀར་འཁོར་འདས་ཀྱི་དྭངས་བཅུད་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་དབུས་སུ་ཧྲཱིཿདམར་པོ་གཡས་སུ་ཨཱཿདཀར་པོ་གཡོན་དུ་ནྲཱྀ་ལྗང་དུ་རྣམས་གསལ་བ་ལ་སྲིད་ཞིའི་ཚེ་བཅུད་ཐམས་ཅད་འདུས་པར་བསམ་ལ།
ཨོཾ་གུ་རུ་ཨཱ་ཡུཿསིདྡྷི་ཧཱུྃ་ཧྲཱིཿ ཨ་མཱ་ར་ཎ་ཛཱི་བནྟ་ཡི་སྭཱ་ཧཱ༔
ཅི་རིགས་དང་། མཚན་བརྒྱ་རྩ་བརྒྱད་པའི་གཟུངས།
ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རྭ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུཏྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ།
དེ་ལྟར་སྦྱངས་ཤིང་རྒྱུན་དུ་ཉམས་ལེན་ལ་འབད་པར་བྱའོ། །
ཡང་།
དེས་ནི་ཚེ་ལ་མི་གནོད་སྟེང་༔
རྟེན་འབྲེལ་བདེན་པས་ཚེ་གེགས་ཞི༔
གསང་སྔགས་ཐབས་ཀྱིས་ཆེ་བའི་ལམ༔
མ་བསྒོམས་སངས་རྒྱས་འཕོ་བའི་གནད༔
སྙིང་དང་མིག་ལས་གཅེས་པར་ཟུངས༔
ཞེས་སོ། །འཆི་ཁ་ལས་ལ་སྦྱར་བ་སོགས་ཁྲིད་ཡིག་གཞུང་དང་བླ་མའི་ཞལ་ལས་ཤེས་སོ། །
དེ་ལྟར་རྣམ་ཤེས་སྤར་བ་དང་རྒྱས་གདབ་གཉིས་ཀར་ཕཊ༔ བརྗོད་པ་ནི་གཏེར་གཞུང་རྡོ་རྗེ་ཚིག་གི་དགོངས་པ་སོར་བཞག་ཡིན་ལ། ཧིཀ་གིས་སྤར་ཞིང་རྗེས་སུ་ཕཊ༔ ཀྱིས་རྒྱས་གདབ་པ་ནི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་གི་དགོངས་པ་ཡིན་པས་གང་བྱེད་ཀྱང་འདྲའོ། །
གང་ལྟར་མཚན་དོན་མཐུན་པའི་གདམས་པ་ཟབ་མོའི་སྔོན་འགྲོ་ལམ་ཁ་ཚང་དང་འཕྲད་པའི་སྐལ་ལྡན་དུ་གྱུར་པ་རྣམས་ཀྱིས། དངོས་གཞི་རྫོགས་ཆེན་ཉམས་སུ་བླང་ལ་ཚེ་འདིར་འཆི་མེད་གཉུག་མའི་ཡེ་ཤེས་མངོན་དུ་བྱས་ནས་བཙན་ས་ཟིན་པ་བྱུང་ན་རབ་དང་ཕུལ་དུ་གྱུར་བ་ལགས་མོད།
མིན་ཀྱང་འཆི་ཁའི་གདམས་པ་འདི་ཙམ་ལའང་སྦྱང་གོམས་མ་སོང་བ། གདམས་པ་ཟགས་སུ་ཤོར་བའི་ཐ་ཆད་རྣམས་དང་། ལམ་མཐར་མ་ཕྱིན་པ་ཚོའི་བར་ཆད་དུ་གྱུར་ན་འཆི་ཁ་གཞན་ལ་རག་མ་ལུས་པ་ཞིག་ནི་ངེས་པར་དགོས་པས། སྔོན་འགྲོའི་དུས་ཀྱི་ཁྲིད་སྤྱང་ཁྲལ་སྤྲད་ཙམ་མ་ཡིན་པར་རྒྱུན་དུ་འཕོ་བ་ལ་སྦྱངས་གོམས་རེ་མཛད་ཐུབ་པ་ཕྱི་རབས་རྣམས་ལ་ཐལ་མོ་སྦྱར་ཏེ་ཞུ་ན་རང་དོན་ཡིན་པར་ཤེས་པའི་སྒོ་ནས་བཏང་སྙོམས་སུ་མི་བཞག་པར་མཛད་འཚལ།
གདམས་པ་འདིར་ཕྲད་སྐལ་ལྡན་གང་སུ་དག །
སྡུག་བདེན་འཆི་བདག་དགྲ་ལས་རྣམ་རྒྱལ་ཏེ། །
བདེ་སྟོང་འཆི་མེད་གཉུག་མའི་གསུང་རྡོ་རྗེ། །
ཚེ་འདིར་མངོན་དུ་བྱས་པའི་རྒྱུར་གྱུར་ཅིག །
ཞེས་ཀུན་ལ་ལྷག་བསམ་དཀར་བ། ཁོ་བོ་འགྲོ་འདུལ་པས་རྒྱུན་ཁྱེར་ཁྲིགས་སུ་བསྡེབ་སྟེ་སྤར་དུ་སྒྲུབ་པས་སྨོན་པའི་གནས་དེ་དེ་བཞིན་དུ་འགྲུབ་ཅིང་བཀྲ་ཤིས་ཀྱིས་སྣང་བ་ཕྱོགས་ཀུན་དུ་དར་ཞིང་རྒྱས་པར་གྱུར་ཅིག། །།དགེའོ། །དགེའོ། །དགེའོ། །