Ultimate Praise of Mañjuśrī—Tibetan
༄༅། །འཕགས་པ་རྗེ་བཙུན་འཇམ་དཔལ་གྱི་དོན་དམ་པའི་བསྟོད་པ་ཞེས་བྱ་བ།
རྒྱ་གར་སྐད་དུ། ཨཱ་ཪྻ་བྷ་ཊྚཱ་ར་ཀ་མ་ཉྫུ་ཤྲཱི་པ་ར་མ་ཨ་རྠ་སྟུ་ཏི་ནཱ་མ།
བོད་སྐད་དུ། འཕགས་པ་རྗེ་བཙུན་འཇམ་དཔལ་གྱི་དོན་དམ་པའི་བསྟོད་པ་ཞེས་བྱ་བ། །
འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །
བྱོན་པ་མ་ལགས་བཞུད་མི་མངའ། །
བཞེངས་པ་མ་ལགས་བཞུགས་མི་མངའ། །
འཇིག་རྟེན་པ་ལས་ཤིན་ཏུ་འདས། །
ཚིག་ལས་འདས་པའི་སྤྱོད་ཡུལ་ལགས། །
མགོན་པོ་ཁྱོད་ལ་ཇི་ལྟར་བསྟོད། །
འོན་ཀྱང་འཇིག་རྟེན་བཏགས་རྟེན་གྱིས། །
ཁྱོད་ནི་ཅི་འདྲ་དེ་བཞིན་དུ། །
བདག་གིས་གུས་པས་བླ་མ་བསྟོད། །
ངོ་བོ་ཉིད་ཀྱིས་མ་སྐྱེས་ཏེ། །
ཁྱོད་ལ་སྐྱེ་བ་ཡོང་མི་མངའ། །
མགོན་པོ་གཤེགས་དང་བྱོན་མི་མངའ། །
དངོས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །
ཁྱོད་ལ་དངོས་དང་དངོས་མེད་མིན། །
ཆད་པ་མ་ལགས་ཐེར་ཟུག་མིན། །
ཁྱོད་རྟག་མ་ལགས་མི་རྟག་མིན། །
གཉིས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །
དམར་དང་ལྗང་དང་ལེ་བརྒན་དང༌། །
སེར་དང་དཀར་དང་གནག་མ་ལགས། །
ཁྱོད་ལ་ཁ་དོག་ཡོང་མི་མངའ། །
མདོག་བྲལ་ཁྱོད་ལ་ཕྱག་འཚལ་བསྟོད། །
ཁྱོད་ནི་ཆེ་དང་ཆུང་བ་དང༌། །
སྦོམ་དང་ཕྲ་བ་ཁྱོད་མིན་ཏེ། །
རིང་དང་ཐུང་བའི་ཁམས་མ་ལགས། །
ཚད་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །
ཤེས་པས་སྲིད་ལ་མི་གནས་ཤིང༌། །
སྙིང་རྗེས་ཞི་ལ་མི་གནས་ཏེ། །
མྱ་ངན་འདས་དང་འཁོར་མི་གནས། །
མི་གནས་ཁྱོད་ལ་ཕྱག་འཚལ་བསྟོད། །
ཆོས་རྣམས་ཀུན་ལ་མི་གནས་ཤིང༌། །
ཆོས་ཀུན་རྟོགས་པར་ཐུགས་སུ་ཆུད། །
མཆོག་ཏུ་ཟབ་པ་ཉིད་བརྟེན་པ། །
ཟབ་པ་ཁྱོད་ལ་ཕྱག་འཚལ་བསྟོད། །
དེ་ལྟར་བསྟོད་ན་བསྟོད་བགྲང་གི། །
གཞན་དུ་ཁྱོད་ལ་ཇི་ལྟར་བསྟོད། །
ཆོས་རྣམས་ཐམས་ཅད་སྟོང་པ་ལ། །
སུ་ལ་བསྟོད་ཅིང་སུ་ཡིས་བསྟོད། །
མཐའ་མ་མཆིས་ཤིང་དབུས་མ་མཆིས། །
གཟུང་དང་འཛིན་པ་རྣམ་སྤངས་པའི། །
རྟོག་བྲལ་ཁྱོད་ལ་ཕྱག་འཚལ་བསྟོད། །
བླ་མ་མགོན་པོ་འཇམ་དབྱངས་ཀྱི། །
དོན་དམ་ཡང་དག་མཚན་བརྗོད་པའོ། །
བསོད་ནམས་འདི་ཡིས་འཇིག་རྟེན་འདི། །
བདེ་བར་གཤེགས་པ་འདྲ་བར་ཤོག །
འཕགས་པ་རྗེ་བཙུན་འཇམ་དཔལ་གྱི་དོན་དམ་པའི་བསྟོད་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།།