Source of Awakening—Tibetan
༄༅༅། །བྱང་ཆུབ་འབྱུང་བའི་སྨོན་ལམ།
རྒྱ་གར་སྐད་དུ། བོ་དྷི་ཨཱ་ཀ་ར་པྲ་ཎི་དྷཱ་ན།
བོད་སྐད་དུ། བྱང་ཆུབ་འབྱུང་བའི་སྨོན་ལམ།
འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །
ལོག་རྟོག་མུན་བསལ་མཁྱེན་རབ་འདབ་རྒྱས་ཤིང༌། །
བདུད་བཞིའི་དགྲ་བཅོམ་ཡང་དག་ཇི་བཞིན་གཤེགས། །
ཐུགས་རྗེའི་མཚོ་བསྐྱིལ་དོན་མཆོག་འབྱོར་བའི་གཏེར། །
སངས་རྒྱས་བཅོམ་ལྡན་རྣམས་ལ་ཕྱག་འཚལ་ལོ། །
མཁའ་ལྟར་མཚན་མེད་རབ་ཞི་རྟོག་ལས་འདས། །
སྒྲིབ་པའི་སྐྱོན་བྲལ་ལེགས་ཚོགས་འབྱུང་བའི་གནས། །
སྐྱེ་བོ་འགྲོ་མང་བྱང་ཆུབ་འབྱུང་བའི་གནས། །
ཡང་དག་དམ་ཆོས་རྣམས་ལ་ཕྱག་འཚལ་ལོ། །
ཉོན་མོངས་དགྲ་རྒྱལ་སྲིད་མཚོ་ལས་རྒལ་ཅིང༌། །
སྡུག་བསྔལ་མཚོན་སྤངས་ཡང་དག་ཐར་ལམ་མཁྱེན། །
འགྲོ་ལ་ཕན་མཛད་ཡོན་ཏན་མང་པོའི་ཕུལ། །
འཕགས་པའི་དགེ་འདུན་རྣམས་ལ་ཕྱག་འཚལ་ལོ། །
ཆོས་དབྱིངས་མཁའ་དཀྱིལ་མཁྱེན་རབ་ཉི་ཤར་ནས། །
རྨོངས་པའི་མུན་བསལ་ཡང་དག་ཆོས་ཉིད་རྟོགས། །
ཐབས་ལྡན་ཐུགས་རྗེས་འགྲོ་ལ་ཕན་བརྩོན་པ། །
བྱང་ཆུབ་སེམས་དཔའི་ཚོགས་ལ་ཕྱག་འཚལ་ལོ། །
རིན་ཆེན་ས་གཞི་དཔག་བསམ་ནགས་ཚལ་བཅས། །
ཡིད་བཞིན་གཞལ་ཡས་གདན་ཁྲི་རྒྱན་མཆོག་ལྡན། །
ལྷ་མིའི་མཆོད་སྤྲིན་མང་པོ་གཏིབས་པ་རྣམས། །
ཡོན་ཏན་གཏེར་མངའ་སྲས་བཅས་རྒྱལ་ལ་འབུལ། །
དུས་ཀུན་བདག་གིས་དཀོན་མཆོག་གསུམ་སྤངས་ཤིང༌། །
དེ་ཡི་བསྐོར་ཕྱོགས་བྱང་ཆུབ་སེམས་བཏང་དང༌། །
མཚམས་མེད་ལ་སོགས་སྨད་པའི་ལས་བྱས་རྣམས། །
བླ་མའི་སྤྱན་སྔར་དེ་བཤགས་སླན་ཆད་བསྡམས། །
སངས་རྒྱས་རང་སངས་རྒྱས་དང་ཉན་ཐོས་དང༌། །
བྱང་ཆུབ་སེམས་དཔའ་སོ་སོའི་སྐྱེ་བོ་ཡི། །
བསོད་ནམས་རྒྱུ་དང་འབྲས་བཅས་ཅི་མཆིས་པ། །
དེ་དག་ཀུན་ལ་རྗེས་སུ་ཡི་རང་ངོ༌། །
ཕྱོགས་གང་འགྲོ་ལ་སྨན་སླད་བདེ་གཤེགས་རྣམས། །
མྱ་ངན་འདར་བཞེད་ཆོས་བཤད་བསྐུལ་གཞེས་ལ། །
འགྲོ་བའི་དོན་སླད་མྱ་ངན་མི་འདའ་ཞིང༌། །
ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བར་བསྐུལ། །
སྐྱོན་ཀུན་བྱང་ཞིང་ཡོན་ཏན་ཀུན་རྫོགས་པ། །
སངས་རྒྱས་དམ་ཆོས་དགེ་འདུན་དཀོན་མཆོག་ལ། །
བདག་ནི་དུས་ཀུན་ལུས་འབུལ་སྐྱབས་གསོལ་གྱིས། །
ཡོངས་བཞེས་ལོག་ལྟའི་ལམ་ལས་བསྐྱབ་ཏུ་གསོལ། །
བདག་གིས་འགྲོ་བའི་ཉོན་མོངས་བསལ་སླད་དང༌། །
བྱང་ཆུབ་སྤྱད་པའི་བཅོམ་ལྡན་གདུང་བསབ་ཕྱིར། །
བདག་མེད་རྟོག་བྲལ་མི་གནས་རྟག་པ་ཡི། །
བླ་མེད་བྱང་ཆུབ་མཆོག་ཏུ་དུས་ཀུན་བསྐྱེད། །
ཕྱོགས་དུས་བཞུགས་པའི་རྒྱལ་བ་སྲས་བཅས་དགོངས། །
ཁྱོད་ལ་བདག་གི་སྡོམ་པའི་ཚུལ་ཁྲིམས་དང༌། །
དགེ་བ་ཆོས་སྡུད་སེམས་ཅན་དོན་བྱེད་པའི། །
བསླབ་གསུམ་དེང་ནས་བརྩམས་ཏེ་གཟུང་བར་བགྱི། །
བསོད་ནམས་སྟོབས་འདིས་ཆོས་གནས་ཐམས་ཅད་ལ། །
བླ་མེད་མཆོད་སྤྲིན་འབྱུང་ཞིང་བགྱི་བགྱིས་ཤོག །
སེམས་ཅན་རྣམས་ཀྱང་སྒྲིབ་ཚོགས་ཀུན་བྱང་ནས། །
ཡོན་ཏན་ཚོགས་རྫོགས་ཀུན་མཁྱེན་མཆོག་གྱུར་ཅིག །
བདག་ཀྱང་དུས་ཀུན་བློ་རྣམས་སྙིང་རྗེ་ལྡན། །
ཏིང་འཛིན་ཤེས་རབ་གཟུངས་སྒོ་མཆོག་ཐོབ་ནས། །
འགྲོ་ཀུན་བདེར་འགྱུར་སྤྱོད་མཆོག་རྣམས་བྱེད་ཅིང༌། །
ཆོས་རྣམས་མཚན་ཉིད་ཇི་བཞིན་རྟོགས་གྱུར་ཅིག །
བསྡུ་བ་བཞིས་བསྡུས་ཕ་རོལ་ཕྱིན་རྫོགས་ཤིང༌། །
མོས་སྤྱོད་ལ་སོགས་ས་རྣམས་ཀུན་སྦྱངས་ནས། །
ཉོན་མོངས་ཤེས་བྱའི་སྒྲིབ་ཚོགས་རྣམས་སྤངས་ཏེ། །
བསོད་ནམས་ཡེ་ཤེས་ཚོགས་རྫོགས་སངས་རྒྱས་གྱུར། །
བདག་ནི་མཐོང་ཐོས་རེག་པའམ་དྲན་ཙམ་གྱིས། །
འགྲོ་ཀུན་ཉོན་མོངས་སྡུག་བསྔལ་ཞི་བྱེད་ཤོག །
ལུས་སེམས་ངག་རྣམས་སྤྱོད་ཡུལ་ཅིར་འཇུག་པ། །
སྲོག་ཆགས་རྣམས་ལ་བདེ་བའི་རྒྱུར་གྱུར་ཅིག །
དུས་ཀུན་བདག་གིས་ལུས་ངག་ཡིད་ཀུན་ནས། །
དགེ་བའི་རྩ་བ་ཅུང་ཟད་ཅི་བསགས་པ། །
དུས་གསུམ་རྒྱལ་བས་ཇི་ལྟར་བསྔོས་པ་བཞིན། །
ཐམས་ཅད་བླ་མེད་བྱང་ཆུབ་མྱུར་འགྲུབ་བསྔོ། །
བྱང་ཆུབ་འབྱུང་བའི་སྨོན་ལམ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།།