Root Downfalls of the Vajra Vehicle—Tibetan
༄༅། །རྡོ་རྗེ་ཐེག་པ་རྩ་བའི་ལྟུང་བ་བསྡུས་པ།
༄༅༅། །རྒྱ་གར་སྐད་དུ། བཛྲ་ཡཱ་ན་མཱུ་ལ་པཏྟི་སཾ་གྲ་ཧ། བོད་སྐད་དུ། རྡོ་རྗེ་ཐེག་པ་རྩ་བའི་ལྟུང་བ་བསྡུས་པ། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་དང་བླ་མ་ཡི། །ཞབས་ཀྱི་པདྨར་རབ་བཏུད་དེ། །རྩ་བའི་ལྟུང་བ་བཅུ་བཞི་ནི། །རྒྱུད་ལས་གསུངས་པ་བཤད་པར་བྱ། །གང་ཕྱིར་རྡོ་རྗེ་འཛིན་པ་ཡིས། །དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས། །དེ་བས་དེ་ལ་བརྙས་པ་ནི། །རྩ་བའི་ལྟུང་བ་དང་པོར་བཤད། །བདེ་གཤེགས་བཀའ་ལས་འདས་པ་ནི། །ལྟུང་བ་གཉིས་པ་ཡིན་པར་གསུངས། །ཁྲོས་པས་རྡོ་རྗེ་སྤུན་གྱི་ནི། །ཉེས་པ་བརྗོད་པ་གསུམ་པ་ཡིན༑ །སེམས་ཅན་རྣམས་ལ་བྱམས་པ་སྤོང༌། །བཞི་པ་ཡིན་པར་རྒྱལ་བས་གསུངས། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤོང་བ་ནི་ལྔ་པ་ཡིན། །རང་ངམ་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་སྨོད་པ་དྲུག་པ་ཡིན། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོགས་པ་བདུན་པ་ཡིན། །ཕུང་པོ་སངས་རྒྱས་ལྔ་བདག་ཉིད། །སྨོད་པར་བྱེད་པ་བརྒྱད་པ་ཡིན། །རང་བཞིན་དག་པའི་ཆོས་རྣམས་ལ། །སོམ་ཉི་ཟ་བ་དགུ་པ་ཡིན། །གདུག་ལ་རྟག་ཏུ་བྱམས་ལྡན་པ། །བྱེད་པ་དེ་ནི་བཅུ་པར་འདོད། །ཆད་སོགས་མ་ཡིན་ཆོས་རྣམས་ལ། །བརྟགས་པ་ལས་ནི་བཅུ་གཅིག་པ། །སེམས་ཅན་དད་དང་ལྡན་པ་ཡི། །སེམས་སུན་འབྱིན་པ་བཅུ་གཉིས་པ། །དམ་ཚིག་ཇི་བཞིན་རྙེད་པ་དག །མི་བསྟེན་པ་དེ་བཅུ་གསུམ་པ། །ཤེས་རབ་རང་བཞིན་བུད་མེད་ལ། །སྨོད་པར་བྱེད་པ་བཅུ་བཞི་པ། །འདི་དག་རྣམ་པར་སྤངས་པ་ཡི། །སྔགས་པས་དངོས་གྲུབ་ཉེ་བར་འཐོབ། །གཞན་དུ་དམ་ཚིག་ལས་ཉམས་ན། །ཉམས་པས་བདུད་ཀྱིས་གཟུང་འགྱུར་ཏེ། །དེ་ནས་སྡུག་བསྔལ་མྱོང་འགྱུར་ཞིང༌། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །དེ་བས་ང་རྒྱལ་བཅོམ་ནས་ནི། །རང་གི་འཁྲུལ་པ་ཤེས་བྱས་ལ། །ཅི་འབྱོར་པ་ཡིས་བླ་མ་ལ། །ཐུབ་པའི་སྤྱན་སྔར་མཆོད་བྱས་ནས། །གསུམ་ལ་སྐྱབས་འགྲོ་ནས་བརྩམས་ཏེ། །བྱང་ཆུབ་སེམས་སོགས་སྡོམ་པ་དག །གལ་ཏེ་བདག་ལ་ཕན་འདོད་ན། །སྔགས་པས་འབད་དེ་བླང་བར་བྱ། །རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བ་བསྡུས་པ་སློབ་དཔོན་ཆེན་པོ་རྟ་དབྱངས་ཀྱིས་མཛད་པ་རྫོགས་སོ།། །།